ཐའེ་ཝན་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་མགོ་འཛུགས་གནང་།

ལོ་འཆར་ཅན་ལྟར་དེ་རིང་ཐའེ་ཝན་ནང་བོད་རང་དབང་གི་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མགོ་འཛུགས་གནང་ཡོད་པ་དང་གྲོས་ཚོགས་འཐུས་མི་ ༤ མཉམ་ཞུགས་གནང་ཡོད་འདུགདེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཐའེ་ཝན་གྱི་ཆུ་ཚོད་ ༩ ཐོག བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གོ་སྒྲིག་འོག ཐའེ་ཝན་གྱི་གྲོས་ཚོགས་མདུན་དུ་བོད་མིའི་གཙོས་བོད་དོན་རྒྱབ་སྐྱོར་བ་གྲངས་ ༢༠ ཙམ་གྱིས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་གྱི་གསར་འགོད་གསལ་བསྒྲགས་སྐབས་ཐའེ་ཝན་གྱི་དམངས་གཙོ་ཡར་སྐུལ་ཚོགས་པ་དང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི། དེ་བཞིན་ཆབ་སྲིད་ཚོགས་པ་ནང་མེད་པའི་མི་སྒེར་གྱི་གྲོས་ཚོགས་འཐུས་མི་གཉིས་བཅས་ཁྱོན་འཐུས་མི་ ༤ མཉམ་ཞུགས་གནང་ཡོད་འདུག

བོད་རང་དབང་གི་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་སྐོར་ལ་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ནི་རྐང་འཁོར་བཞོན་ཏེ་སྐམ་ས་ཆེན་པོ་ནས་ཡོང་བའི་རྒྱ་རིགས་ཚོར་འབྲེལ་འདྲིས་བྱས་ནས་བོད་དོན་དྲིལ་བསྒྲགས་བྱེད་རྒྱུ་དེ་ཡིན་ལ། ང་ཚོས་རྐང་འཁོར་བཞོན་ཏེ་རྒྱ་ནག་ནས་ཐའེ་ཝན་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་སའི་ས་གནས་ཁག་ཏུ་ལས་འགུལ་ཤུགས་ཆེ་བ་སྤེལ་གྱི་ཡོད་པས། ལས་འགུལ་འདི་བརྒྱུད་སྐམ་ས་ཆེན་མོ་ནས་ཡོང་བའི་རྒྱ་རིགས་ཚོར་བོད་ཀྱི་གནད་དོན་ཤེས་རྟོགས་ཐུབ་ཐབས་བྱེད་པ་དང་། ཐའེ་ཝན་ལྟ་བུའི་དམངས་གཙོའི་ལུང་པའི་ནང་སྨྲ་བརྗོད་རང་དབང་དང་གཏམ་བརྗོད་ཙམ་མ་ཟད། གང་ཟག་མི་སྒེར་ཞིག་ལའང་རང་དབང་དང་ཐོབ་ཐང་ག་ཚོད་ཅིག་ཡོད་པ་སོགས་གོ་རྟོགས་སྤེལ་ཐུབ་ཀྱི་ཡོད། ཅེས་བརྗོད་བྱུང་།

རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྐབས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བོད་ནི་གནའ་སྔ་མོ་ནས་ཁེར་ཚུགས་སུ་གནས་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ནའང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རང་དབང་མེད་པ་དང་། བོད་མི་བཙན་བྱོལ་བ་ཚོ་ཕྱིར་རང་ཡུལ་དུ་ལོག་ཐུབ་ཀྱི་མེད་པ། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་བཟོ་བཞིན་ཡོད་སྐོར། དེ་བཞིན་འདི་ལོར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་མི་ལོ་ ༦༡ འཁོར་གྱི་ཡོད་པ་དང་། བོད་མི་ཚོས་བོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཆེད་མུ་མཐུད་ལས་འགུལ་སྤེལ་ངེས་པ་སོགས་བཀོད་འདུག

བོད་དོན་འཐབ་རྩོད་ནམ་ཡང་མཚམས་འཇོག་རྒྱུ་མིན་པའི་སྐོར་ལ་བཀྲ་ཤིས་ཚེ་རིང་ལགས་ཀྱིས། དཀའ་ཁག་གང་འདྲ་ཞིག་གིས་ཀྱང་བོད་མི་ཚོའི་རང་དབང་འཐབ་རྩོད་འགོག་མི་ཐུབ་ལ། ཁོང་ནི་བཙན་བྱོལ་བའི་མི་རབས་གཉིས་པ་ཡིན་པ་དང་། དུས་ནམ་ཞིག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་བོད་དུ་ཕྱིར་ལོག་མིན་མི་ཤེས་ནའང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེ་མུ་མཐུད་མི་རབས་ནས་མི་རབས་ལ་གནས་ཀྱི་ཡོད་པར་ཡིད་ཆེས་ཡོད་སྐོར་དང་། རྒྱ་ནག་དམར་ཤོག་ཚོགས་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་བྱེད་ཀྱི་ཡོད་ནའང་། སྐུའི་ཡང་སྲིད་ཐད་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་དང་བོད་མི་མང་ལ་དབང་ཆ་ཡོད་སྐོར་བརྗོད་འདུག

དེའི་རྗེས་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་གཞོན་པ་ཝུ་ཅཱ་ཀྲིན (Wu Jiazhen) ལགས་ཀྱིས། ཝུ་ཧན་གྱི་སྨན་པ་ལི་ཝིན་ཉིང (Li Wenliang) ལགས་ཀྱིས་གློ་བའི་འགོས་ནད་དང་འབྲེལ་ནས་ཉེན་བརྡ་བཏང་ཡོད་ནའང་། རྒྱ་ནག་གཞུང་གིས་དཀྲོག་གཏམ་སྤེལ་མཁན་ཡིན་པའི་ཉེས་འཛུགས་བྱས་ཏེ་མཐར་ཁོང་གི་ཚེ་སྲོག་ཤོར་ཡོད་པ་དང་། ཁོང་གིས་བདེ་ཐང་གི་སྤྱི་ཚོགས་ཤིག་ལ་སྐད་སྒྲ་གཅིག་ལས་མེད་མི་འོས་ཚུལ་བརྗོད་པ་དེས། རྒྱ་ནག་གི་སྤྱི་ཚོགས་ནང་མི་མང་པོ་ཞིག་ལ་སེམས་འགུལ་ཐེབས་སུ་བཅུག་ཡོད་པ་བཞིན། བོད་ནང་དུའང་ཕ་སྐད་གཅེས་འཛིན་པ་བཀྲ་ཤིས་དབང་ཕྱུག་ལྟ་བུ་དཔའ་བོ་མང་པོ་ཞིག་ལ་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ལ་བརྟེན་ནས་བཙན་གནོན་བྱས་ཡོད་པས། རང་དབང་དང་དང་འགྲོ་བ་མིའི་ཐོབ་ཐང་གི་དོན་དུ་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་གཞུང་འཛིན་ལ་རྒོལ་འཛིང་བྱེད་པ་ནི་མི་རིགས་གང་འདྲ་ཞིག་ཡིན་ནའང་ཡོད་པ་ཡོངས་ཁྱབ་ཡིན་སྐོར་བརྗོད་འདུག

ཡང་སྐབས་དེར་ཐའེ་ཝན་གྱི་དམངས་གཙོ་ཡར་སྐུལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཧོང་ཧྲིན་ཧན་ (Hong Shen-Han) ལགས་ཀྱིས། དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་འཚོལ་སྙེག་བྱེད་པ་ནི་ལམ་ཁ་རིང་མོ་ཞིག་ཡིན་པ་དང་། ཐའེ་ཝན་གྱིས་ད་དུང་ལམ་ཁ་དེའི་ཐོག་སྦྱོང་བ་བྱེད་བཞིན་འགྲོ་ཡི་ཡོད་པ་རེད། ཡིན་ནའང་། ངའི་ཡིད་ཆེས་ལ་དབང་ཆ་གཅིག་སྡུད་ལམ་ལུགས་ལ་རྒོལ་འཛིང་བྱེད་ཐུབ་པ་བློ་སེམས་བརྟན་པོ་ཡིན་ལ། གྲོགས་པོ་ཚོ་དང་མཉམ་དུ་ལམ་ཁ་དེའི་ནང་གོམ་པ་མདུན་དུ་སྤོ་ཐུབ་པར་ཡིད་ཆེས་ཡོད། གྲོས་ཚོགས་ནང་རང་ཉིད་ཀྱི་ལས་ཀ་རྗེས་མ་དེ་ནི་ཐའེ་ཝན་མི་མང་དང་བོད་མི་མང་གྲོགས་པོ་བཟང་པོ་ཞིག་ལ་བསྒྱུར་རྒྱུ་དེ་ཡིན། ཞེས་བརྗོད་འདུག

ས་གནས་སུ་རྐང་འཁོར་སྐོར་སྐྱོད་ནང་མཉམ་ཞུགས་བྱེད་མཁན་མཐར་ཕྱིན་ལགས་ཀྱིས་འདི་ག་གསར་འགོད་པར། ཐའེ་ཝན་ནང་སློབ་གཉེར་བྱེད་དུ་བསླེབས་ནས་ཟླ་ ༦ ཙམ་ལས་འགོར་མེད་ནའང་། བོད་དོན་དང་འབྲེལ་བའི་ལས་འགུལ་ཕལ་ཆེ་བའི་ནང་ཞུགས་པ་ཡིན་པས། ཐའེ་ཝན་སྤྱི་ཡོངས་ཀྱི་མི་མང་ཆེ་བས་བོད་པར་དམིགས་བསལ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀྱི་འདུག་ལ། དེ་རིང་གི་ལས་འགུལ་ནང་སློབ་ཆེན་སློབ་མ་དང་ལས་བྱེད། ཡང་རེ་འགས་ད་ལྟ་གཞི་རིམ་སློབ་གྲྭ་གུང་གསེང་ཡིན་པ་དང་བསྟུན་སོ་སོའི་སྤུན་མཆེད་ལས་འགུལ་ནང་མཉམ་འཁྲིད་བྱས་འདུག དེ་བཞིན་གྲོས་ཚོགས་འཐུས་མི་བཞི་ཕེབས་ཏེ་བོད་དང་ཐའེ་ཝན་གྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་དགོས་པའི་གཏམ་བཤད་གནང་སོང་། དེ་བཞིན་དེ་རིང་གི་ལས་འགུལ་སྐབས་དམིགས་བསལ་གསར་འགོད་པ་མང་པོ་ཡོང་འདུག ཅེས་བརྗོད་བྱུང་།

རྐང་འཁོར་ལས་འགུལ་དེ་ཕྱི་ལོ་ ༢༠༡༡ ལོར་བཀྲ་ཤིས་ཚེ་རིང་མི་སྒེར་གྱིས་ཐོག་མར་ཐའེ་ཝན་ནང་མགོ་འཛུགས་གནང་ཡོད་པ་དང་། ད་ལྟ་མི་མང་གི་ལས་འགུལ་ཞིག་ཏུ་གྱུར་ཡོད་པ་རེད། སྤྱིར་ལས་འགུལ་དེ་ལོ་ལྟར་གསུམ་བཅུའི་དུས་དྲན་གྱི་ཟླ་གཉིས་ཙམ་སྔོན་ནས་རེས་གཟའ་ལྷག་པ་ནམ་ཡིན་ལ་རྒྱལ་ས་ཐའེ་པེ་ནང་སྐོར་སྐྱོད་ལས་འགུལ་སྤེལ་བཞིན་ཡོད་ཀྱང་། འདི་ལོར་ཐའེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་བྱས་པ་དང་རྒྱ་ནག་གི་གློ་བའི་འགོས་ནད་ཁྱབ་བརྡལ་དུ་འགྲོ་བཞིན་པར་བརྟེན། དེ་རིང་དངོས་སུ་ལས་འགུལ་དེ་མགོ་བཙུགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༡༢

Leave a Reply

3 thoughts on “ཐའེ་ཝན་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་མགོ་འཛུགས་གནང་།

  1. >:དེང་སྐབས་བོད་དོན་དེ་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་དུ་ཁྱབས་གྲགས་ཤུགས་ཆེར་འགྲོ་བཞིན་པ་ནས་བོད་དོན་ལ་རྒྱབ་སྐྱོར་དང་འཁུར་བཞེས་མཁན་རྐང་འཁོར་རྒྱང་བསྐྱོད་ལས་འགུལ་སྤེལ་མཁན་ཚོར་:< སྐད་གྲགས་ཡིན་པས་ BBC, CNN, Reuter, ABC, Al Jazeera སོགས་ རྒྱལ་སྤྱི་གསར་འགྱུར་ཁག་ལ་མཐོང་རྒྱུ་ནི་མེད་ གོ་རྒྱུ་ནི་མེད། ང་ཚོ་ག་པ་འགྲོ་པ་ཡིན་ན་ Dalai Lama དང་ Bahadur ལབ་མཁན་ཤ་ཏག་རེད་མ་གཏོགས་ Tibetan ལབ་མཁན་དཀོན་པོ་རེད་འདུག་གོ། ཁོང་ཚོའི་ དྲིལ་བསྒྲགས་དང་རྐང་འཁོར་དང་ལས་འགུལ་ག་པཕྱིན་པ་ཡིན་ནམ་ 🤔 བྱང་སྒྲ་མི་སྙན་ ? ཞུང་པ་ཚེ་དབང་། ངས་དུས་རྒྱུན་མི་ཁྱེད་ཤེས་ཡོན་ཅན་རྩིས་བཞིན་ཡོད། ཁྱེད་ཀླད་སྟོང་ཡིན་པ་ད་རེ་མ་གཏོག་ཧ་མ་གོ། 😂

  2. བོད་དོན་ཡིན་ སྒེར་དོན་ཡིན་ ཧ་གོ་ས་མ་རེད། ང་ཚོ་བོད་པའི་སྤྱི་ཚོགས་སུ་ཡིན་རུང་ ལས་འགུལ་ག་རེད་སྤེལ་རུང་ ༧གོང་ས་མཆོག་གིས་ སྐུ་པར་དང་མཚན་ བེད་སྤྱོད་མ་བྱེད་རོགས། ༧གོང་ས་མཆོག་ལ་ཚན་སྨད་བཞུ་བཅུག་མཁན་བོད་པ་རང་ཡིན་པ་མཐོང་། ༢༠༡༡ ལོར་༧གོང་ས་མཆོག་ནས་བླ་མའི་ཆབ་སྲིད་ཡོངས་རྫོགས་མཚམས་བཞག་གནང་ཚར་རེད་པ། 🙀 འ་ཛི།

  3. གཞུང་པ་ཚེ་དབང་བསོད་ནམས

    དེང་སྐབས་བོད་དོན་དེ་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་དུ་ཁྱབས་གྲགས་ཤུགས་ཆེར་འགྲོ་བཞིན་པ་ནས་བོད་དོན་ལ་རྒྱབ་སྐྱོར་དང་འགན་འཁུར་བཞེས་མཁན་ཚོའི་རྐང་འཁོར་རྒྱང་བསྐྱོད་ལས་འགུལ་སོགས་ལས་འགུལ་མང་པོ་སྤེལ་མཁན་ཚོར་དགའ་བསུ་དང་རྒྱབ་སྐྱོར་ཞུ་གི་ཡོད་ལ་ད་ལྟ་བར་བོད་དོན་ལ་ལས་འགུལ་སྤེལ་མཁན་ཚོའི་བརྗོད་ཚིག་ནང་བོད་ལ་རང་དབང་དགོས་ཟེར་བ་ལས་བོད་ལ་རང་བཙན་དགོས་ཟེར་བའི་བསྒྲགས་གཏམ་སྤེལ་མཁན་ནི་ཉིན་གྱི་སྐརྨ་ཙམ་ལས་མ་མཐོང་བ་ནི་བོད་དོན་འཐབ་རྩོ་ད་དང་འབྲེལ་བའི་ཞན་ཆ་ཞིག་མ་རེད་དམ???