ལྡི་ལིའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་མཆོག་བསྐྱར་དུ་འོས་འདེམས་བྱུང་བར་འཚམས་འདྲི་གནང་།ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨར་ཝིན་ཀེ་ཇི་རི་ཝལ(Arvind Kejriwal)ལགས་ཀྱི་སྲིད་དོན་ཚོགས་པར་བསྐྱར་དུ་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་འཚམས་འདྲི་གནང་སྟེ། མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་གནང་གི་ཡོད་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་གི་འཚམས་འདྲིའི་ནང་དུ། སྐུ་ཉིད་ཀྱིས་གཙོས་(AAP)སྲིད་དོན་ཚོགས་པར་ལྡི་ལི་མངའ་སྡེའི་གྲོས་ཚོགས་ནང་རྒྱལ་ཁ་ཐོབ་པར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྐུ་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་ལྡི་ལི་མི་མང་གིས་སྐུ་ཉིད་ཀྱི་སྲིད་དོན་ཚོགས་པ་དང་དབུ་འཁྲིད་ཀྱི་ནུས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད། ལྡི་ལི་མངའ་སྡེ་གཞུང་གིས་བོད་མི་ཚོ་དང་ལྷག་པར་དུ་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་མི་མང་ཚོར་མཐུན་འགྱུར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གི་འཚམས་འདྲིའི་ནང་། སྐུ་ཉིད་དང་། སྐུ་ཉིད་ཀྱི་སྲིད་དོན་ཚོགས་པས་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་ད་བར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་རྒྱལ་ས་ལྡི་ལིར་ཆེད་བཅར་སྐབས་སྐུ་ཉིད་ཐེངས་ཁ་ཤས་མཇལ་འཕྲད་གནང་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་གང་མགྱོགས་སྐུ་ཞབས་ཁྱེད་དང་སླར་ཡང་མཇལ་འཕྲད་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད་ལ། ད་བར་ཁྱེད་དང་། ཁྱེད་ཀྱིས་སྲིད་དོན་ཚོགས་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཞུ་གི་ཡོད། ཅེས་གསུངས་འདུག

ཡང་འཚམས་འདྲིའི་ནང་། ཁྱེད་ཀྱིས་དབུ་འཁྲིད་པའི་ལྡི་ལི་མངའ་སྡེ་གཞུང་ནས་བོད་སྒར་བསམ་ཡས་གླིང་དང་། བྷུཏ་བྷི་ཧར་གཙོ་བོར་གྱུར་བའི་ལྡི་ལི་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༦ ལོར་བོད་མིའི་དགུན་ཁའི་སུད་ཚོང་ས་གནས་ལལ་ཀི་ལར་ (Lal Quila) མེ་སྐྱོན་ཚབས་ཆེ་བྱུང་སྐབས། ཁྱེད་ཀྱི་མངའ་སྡེ་གཞུང་ནས་དམིགས་བསལ་གྱིས་ཐུགས་འཁུར་བཞེས་ཏེ་རོགས་རམ་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཀྱིས་མུ་མཐུད་ལྡི་ལིར་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་བ་ཞུ་ཡི་ཡོད། ཅེས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༡༣

Leave a Reply