ཡ་ཆེན་སྒར་ནས་ཕྱིར་འཕུད་བཏང་བའི་བཙུན་མ་ཞིག་གིས་རང་སྲོག་བཅད།

འདས་ལོར་ཡ་ཆེན་སྒར་ཆོས་ཉིད་རིག་རྩལ་མཁའ་འགྲོ་གླིང་ནས་རྒྱ་གཞུང་གིས་ཕྱིར་འཕུད་བཏང་བའི་བཙུན་མ་བསོད་ནམས་དབྱངས་བྷ་ལགས་ཀྱིས་རང་སྲོག་བཅད་ཡོད་ཀྱང་གནས་དུས་སོགས་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མི་འདུགདེ་རིང་འདི་ག་བོད་ཀྱི་དུས་བབ་ལ་འབྲེལ་ཡོད་ཅིག་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། སྔར་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་ཡ་ཆེན་སྒར་ནས་ཕྱིར་འཕུད་བཏང་བའི་བཙུན་མ་ཚོའི་ཁྲོད་ནས། བོད་ཆབ་མདོ་འཇོ་མདའ་རྫོང་མདོ་གཞུང་མ་སྡེ་བ་ནས་ཡིན་པའི་བཙུན་མ་བསོད་ནམས་དབྱངས་བྷ་ལགས་ཀྱིས་རང་སྲོག་བཅད་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༧ དང་ ༨ ཡས་མས་ཤིག་ལ་རང་སྲོག་བཅད་ཡོད་ཚོད་འདུག་ཀྱང་། ད་ལྟའི་ཆར་ས་གནས་གང་དུ་རང་སྲོག་བཅད་ཡོད་མེད་དང་སྐུ་ཕུང་ག་རེ་བྱས་ཡོད། དེ་བཞིན་ཁྱིམ་མིའི་གནས་སྟངས་སོགས་ཁ་གསལ་མེད་པས་མུ་མཐུད་རྩད་གཅོད་གཏོང་བཞིན་འདུག་ལ། རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

བཙུན་མ་ཁོང་གིས་རང་སྲོག་གཅོད་དགོས་པའི་རྒྱུ་རྐྱེན་སྐོར་ལ་ཁོང་གིས། བཙུན་མ་བསོད་ནམས་དབྱངས་བྷ་ལགས་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནས་ཕྱིར་འཕུད་བཏང་རྗེས། ས་གནས་ཀྱི་བཀག་ཉར་ཁང་ཞིག་ཏུ་ཡོད་ཀྱང་། ན་ཚ་ཞིག་གིས་ཕྱི་ལ་སྨན་པར་བསྟེན་གཏུག་ཆེད་མི་ཡོང་ཐབས་མེད་བྱུང་ཡོད་པ་དང་། སྨན་ཁང་དུ་བསླེབས་རྗེས་ཉིན་ཤས་རིང་བརྟག་དཔྱད་སོགས་བྱས་ཏེ་བསྡད་པར་བརྟེན། བཀག་སྐྱིལ་ཁང་ནས་མགྱོགས་པོར་ཕྱིར་ཡོང་དགོས་པ་དང་། གལ་ཏེ་མ་ཡོང་ན་ཉེས་ཆད་རིགས་ལྕི་མོ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ནས་འཇིགས་སྐུལ་བྱས་པའི་རྐྱེན་གྱིས། བཀག་སྐྱིལ་ཁང་ལ་བསྐྱར་དུ་ཕྱིན་ན་གཅར་རྡུང་འདྲི་རྩད་རིགས་ཡོང་བར་དོགས་ཏེ་རང་སྲོག་བཅད་ཡོད་སྐོར་བརྗོད་བྱུང་།

བཙུན་མ་བསོད་ནམས་དབྱངས་བྷ་ལགས་ཀྱིས་རང་སྲོག་བཅད་རྗེས་བཙུན་མ་གཞན་ཚོས་ཟས་བཅད་ངོ་རྒོལ་བྱས་ཡོད་པའི་སྐོར་ལ་ཁོང་གིས། བཙུན་མ་བསོད་ནམས་དབྱངས་བྷ་ལགས་ཀྱིས་རང་སྲོག་ག་འདྲ་བཅད་ཡོད་དང་སྐབས་དེར་མོའི་ཉེ་འགྲམ་ན་སུ་ཡོད་མེད་སོགས་མི་ཤེས་ཀྱང་། མོས་རང་སྲོག་བཅད་རྗེས་བཀག་སྐྱིལ་ཁང་དུ་ཡོད་པའི་བཙུན་མ་གཞན་ཚོས་གནས་ཚུལ་དེ་གོ་བ་དང་ཟས་བཅད་ངོ་རྒོལ་བྱས་ཏེ་ཉིན་ཤས་རིང་ཟ་མ་མ་ཟོས་པ་སོགས་བྱས་ཡོད་སྟབས། ཁོ་མོས་རང་བཅད་བཅད་རྗེས་རྒྱ་ནག་གཞུང་གིས་བཀག་སྐྱིལ་ཁང་གི་བཙུན་མ་གཞན་ཚོར་སྔར་ལས་དམ་དྲག་དང་རྡུང་རྡེག་མནར་གཅོད་བཏང་ཡོད་པ་མ་ཟད། སྐབས་དེར་ཡ་ཆེན་སྒར་ལ་དམ་དྲག་དང་དྲ་རྒྱ་བཅད་པ་སོགས་བྱས་ཏེ། རང་སྲོག་བཅད་པའི་གནས་ཚུལ་འདི་ད་བར་ཕྱི་ཕྱོགས་ལ་བསླེབས་ཐུབ་མེད་སྐོར་བརྗོད་བྱུང་།

ཡང་ཡ་ཆེན་སྒར་ནས་ཕྱིར་འཕུད་བཏང་བའི་བཙུན་མ་ཚོས་སྐོར་ལ་ཁོང་གིས། འདས་ལོའི་ཕྱི་ཟླ་ ༣ དང་ ༥ ནས་བཙུན་མ་ཚོ་ཕྱིར་འཕུད་བཏང་རྗེས་བཀག་སྐྱིལ་ཁང་ནས་ཡུན་རིང་ལ་བཀག་ཉར་དང་སློབ་གསོ་བསྒྱུར་བཀོད་ཟེར་བ་བྱས་ཡོད་པ་དང། ཕྱི་ཟླ་ ༡༡ ནས་བཙུན་མ་ཚང་མ་སོ་སོའི་ནང་ལ་བཏང་ཡོད་ཀྱང་། སྔར་བཞིན་སོ་སོའི་ནང་དུ་འདུག་པ་ལས་ས་གནས་ཀྱི་དགོན་པ་སོགས་ཀྱི་ནང་འཛུལ་ཞུགས་མི་ཆོག་པ་བཟོས་ཡོད་པ་དང་། རྒྱ་ནག་གཞུང་གིས་བཙུན་མ་ཚོར་གྲྭ་ཆས་ཕུད་ནས་མི་སྐྱ་བྱས་བསྡད་ན་ཡག་པོ་ཡོད་པའི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། བཀག་སྐྱིལ་ཁང་ནས་བཙུན་མ་ཚོར་གྲྭ་ཆས་ཕུད་བཅུག་ནས་རྒྱ་ལྭ་གོན་ནས་རྒྱ་ནག་གི་ཐོབ་ཐང་ལག་འཁྱེར་བཟོ་བཅུག་ཡོད་སྐོར་སོགས་བརྗོད་བྱུང་།

བཙུན་མ་བསོད་ནམས་དབྱངས་བྷ་ལགས་ནི་འདི་ལོ་དགུང་ལོ་ ༣༠ ཡས་མས་ཙམ་ཡིན་པ་དང་། མོ་ཡ་ཆེན་སྒར་ཆོས་ཉིད་རིག་རྩལ་མཁའ་འགྲོ་གླིང་སྒར་ནས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༡༣

Leave a Reply

One thought on “ཡ་ཆེན་སྒར་ནས་ཕྱིར་འཕུད་བཏང་བའི་བཙུན་མ་ཞིག་གིས་རང་སྲོག་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས།

    ཆོས་མེད་ཀླ་ཀློའི་ངན་དགུའི་སྡུག་སྦྱོངས་འོག།
    ཆོས་ལྡན་བོད་མིའི་ལུས་སེམས་སྡུག་ལ་སྦྱར།
    ཆོས་དད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན།
    ཆོས་དད་ཚད་བཀག་གུང་ཁྲན་དམར་པོའི་ལུགས།