སྦྲ་ཆེན་ན་གཞོང་ཆེན་མོར་མེ་སྐྱོན་ཚབས་ཆེན་བྱུང་།

རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རི་རྒན་ན་གཞོང་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ་རྩྭ་ས་མུའུ་ཁྲི་ཚོ་བརྒལ་བ་མེར་ཚིག་ནས་གནོད་སྐྱོན་ཆེན་པོ་ཐེབས་བཞིན་ཡོད་འདུགཁ་སང་ཕྱི་ཚེས་ ༡༢ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རི་རྒན་ན་གཞོང་ལ་མེ་སྐྱོན་ཚབས་ཆེན་ཤོར་ཡོད་པ་དང་། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༩:༥༠ སྟེང་མེ་གསོད་ཐུབ་ཡོད་ཀྱང་། དེ་རིང་བསྐྱར་དུ་འབར་ཏེ་ཉུང་མཐར་ས་ཁྱོན་མུའུ་ཁྲི་ཚོ་བརྒལ་བ་མེར་ཚིག་ཚར་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་མི་དང་རྟ་ནོར་སོགས་ལ་ཤི་རྨས་བྱུང་མེད་འདུག

འདི་གའི་གསར་འགོད་པས་ས་གནས་བོད་མི་ཞིག་ལ་གནས་ཚུལ་དེའི་སྐོར་དྲིས་པར། མེ་སྐྱོན་ཤོར་ཚད་ཧ་ཅང་ཚབས་ཆེན་ཡིན་པ་དང་། ལྷག་པར་དུ་ན་གཞོང་ཆེན་པོ་དང་རྩྭ་ཡག་པོ་ཡོད་པས་མེ་གསོད་རྒྱུ་ཧ་ཅང་ཁག་པོ་ཆགས་འདུག ཁ་སང་ས་ཁྱོན་མུའུ་ ༡༠༠༠༠ ལྷག་ཚིག་ཚར་བ་བརྗོད་སོང་ཡང་། དེ་རིང་བསྐྱར་དུ་འབར་ནས་ས་ཁྱོན་ཁ་སང་ལས་ལྡབ་འགྱུར་ཚིག་འགྲོ་ཡི་འདུག མེ་སྐྱོན་བྱུང་རྗེས་ཁུལ་དང་རྫོང་མེ་གསོད་རུ་ཁག་སོགས་ཀྱི་མི་ཡོང་ཡོད་པ་མ་ཟད། ས་གནས་མི་མང་གིས་ཀྱང་ཧུར་ཐག་གིས་མེ་གསོད་ཐབས་བྱེད་ཀྱི་ཡོད་པ་དང་། ད་ལྟའི་ཆར་མི་དང་ཕྱུགས་ཟོག་ལ་གནོད་སྐྱོན་གང་ཡང་བྱུང་མེད་སྐོར་དང་། མི་ཞིག་གིས་བསམ་བཞིན་དུ་མེ་བཏང་བ་དེ་འདྲ་ཕལ་ཆེར་ཡིན་ས་མ་རེད། ཐོག་མར་སྦྲ་ཆེན་རུ་ཁག་དང་པོའི་ས་ཁོངས་ཀྱི་གཞུང་ལམ་འགྲམ་ནས་འབར་ཡོད་པས། མི་ཞིག་གིས་ཐ་མག་འཐེན་པའི་ཚིག་རོ་འཕངས་ནས་འབར་བ་མིན་ནམ་བསམ་པ་ཙམ་ལས་རྒྱུ་རྐྱེན་གསལ་པོ་ཤེས་མ་སོང་། ཞེས་བརྗོད་བྱུང་།རྒྱ་ནག་གཞུང་ཕྱོགས་ནས་སྤེལ་བའི་གནས་ཚུལ་ནང་། མེ་སྐྱོན་ཤོར་བ་ཤེས་རྗེས་ས་གནས་སྲིད་གཞུང་གིས་མེ་གསོད་རླངས་འཁོར་ ༥ དང་ཆེད་སྤྱོད་མེ་གསོད་ལག་ཆ་ ༦༠། ཉེན་རྟོག་པ་ ༦༠ དང་དྲག་ཆས་ཉེན་རྟོག་པ་ ༡༨༠། རྫོང་མེ་གསོད་རུ་ཁག་གི་མི་ ༤༠ དང་ས་གནས་ཡུལ་མི། ཡུལ་ཚོ་གཞན་ནས་ཡོང་བའི་མི་ ༤༠༠༠ བཅས་འཛོམས་ནས་མེ་བསད་ཡོད་པ་དང་། ད་ལྟའི་ཆར་ཁུལ་སྲིད་གཞུང་གི་བཀོད་པ་ལྟར་མེ་ཤོར་བའི་རྒྱུ་རྐྱེན་རྩད་གཅོད་བྱེད་བཞིན་ཡོད་སྐོར་བརྗོད་འདུགཉེ་སྔོན་རྔ་བ་ཁུལ་རྒྱང་སྒྲོག་ཁང་གིས་ཁྱུང་མཆུ་རྫོང་ཁོངས་ཀྱི་འབྲོག་པ་རྒན་རབས་པ་ཁག་ཅིག་ལ་འབྲོག་པའི་རྩྭ་ཐང་གི་འགྱུར་ལྡོག་སྐོར་ལ་བཅར་འདྲི་བྱས་པའི་ནང་། སྦྲ་ཆེན་རི་རྒན་ན་གཞོང་སྔོན་ཆད་རྩྭ་སྐྱེས་པའི་རིང་ཚད་རྟ་ཡི་ཡོབ་ཆེན་བར་དུ་སླེབས་ཐུབ་པ་དང་། རི་རྒན་ན་གཞོང་གི་མགོ་ཁུངས་དེ་ནགས་ལུང་གསུམ་གྱི་ཆུ་མགོར་ཐུག་ཡོད་པ་དང་། སྔོན་ཆད་ན་གཞོང་གི་རྒྱ་ཁྱོན་དང་ཆུའི་ཐོན་ཁུངས། རྩི་ཤིང་སྐྱེས་ཁམས་སོགས་དོ་སྙོམས་ཡོང་ཡོད་ན་ཡང་། ཕྱི་ལོ་ ༡༩༦༩ ལོ་ཡས་མས་ཤིག་ལ་རྒྱ་ནག་གཞུང་གིས་བཀའ་བཏང་སྟེ་གཞོང་ཚང་མ་བརྐོས་བ་མཟད། ན་གཞོང་ལ་ཚང་མ་འཕྲུལ་ཆས་ཀྱིས་གཤགས་ནས་གང་བྱུང་ཆུ་རྐ་བཟོས་སྟེ། དེང་སང་སྔོན་ཆད་ལྟ་བུའི་རྩྭ་རྩི་ཤིང་དང་སྐྱེས་ཁམས་ཡག་པོ་མེད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༡༣

Leave a Reply