བོད་མི་ན་གཞོན་ཞིག་གི་བརྙན་ཐུང་ལ་རྒྱལ་སྤྱིའི་གཟེངས་རྟགས་ཐོབ།

ཨོ་གླིང་དུ་གནས་སྡོད་བོད་རིགས་ན་གཞོན་བསྟན་འཛིན་རབ་གསལ་ལགས་ཀྱི་གདོན་འདྲེའི་བརྙན་ཐུང་ ༡༣༠ ཞེས་པར་འཛམ་གླིང་ནང་སྙན་གྲགས་ཡོད་པའི་ཧོ་ལི་ཝུཌ་གློག་བརྙན་ལྷན་ཚོགས་ཀྱི་ཁོངས་གཏོགས་གཟེངས་རྟགས་ཤིག་ཐོབ་འདུགཉེ་ཆར་ཨོ་གླིང་དུ་གནད་སྡོད་བོད་ཀྱི་ན་གཞོན་བསྟན་འཛིན་རབ་གསལ་ལགས་ཀྱིས་ཕབ་བསྐྲུན་བྱས་པའི་ ༡༣༠ ཞེས་པའི་གདོན་འདྲེ་ཡི་གློག་བརྙན་ཐུང་ཐུང་ཞིག་ལ་འཛམ་གླིང་ནང་སྙན་གྲགས་ཡོད་པའི་ཧོ་ལི་ཝུཌ་གློག་བརྙན་ལྷན་ཚོགས་ཀྱི་ཁོངས་གཏོགས་རང་དབང་གི་བརྙན་ཐུང་གཟེངས་བསྟོད་(Independent Shorts Awards) ཞེས་པའི་གདོན་འདྲེ་ཡི་བརྙན་ཐུང་རྩེ་ཕུད་གསུམ་པའི་གཟེངས་རྟགས་དང་། དེ་བཞིན་ཨིན་ཌི་བརྙན་ཐུང་དུས་སྟོན་(Indie Short Fest) གྱི་སློབ་མ་འཁྲབ་ཁྲིད་པ་རྩེ་ཕུད་དང་། འདྲེ་ཡི་བརྙན་ཐུང་རྩེ་ཕུད་ཀྱི་འོས་གཞིའི་ཁོངས་སུ་ཚུད་ཡོད་འདུག གཞན་ཡང་ཧོ་ལི་ཝུཌ་ཡི་གདོན་འདྲེའི་བརྙན་ཐུང་གློག་བརྙན་དུས་སྟོན་(Hollywood Blood Horror Fest) དང་། ཨིན་ཌི་ཨེག་སི་གློག་བརྙན་དུས་སྟོན་ (Indiex Film Fest) ཁྲོད་བརྙན་ཐུང་དེ་གདོན་འདྲེ་ཡི་བརྙན་ཐུང་རྩེ་ཕུད་ཀྱི་ཁོངས་སུ་ཚུད་ཡོད་འདུག

བསྟན་འཛིན་རབ་གསལ་ལགས་ཀྱིས་འདི་གའི་གསར་འགོད་པར། སྤྱིར་གློག་བརྙན་འདིའི་འཁྲབ་གཞུང་དང་། འཁྲབ་འཁྲིད་པ། འཁྲབ་སྟོན་པ་གཙོ་བོ། དེ་བཞིན་སྒྲ་བརྙན་སྒྲིག་སྦྱོར་གྱི་བྱ་བ་ཆ་ཚང་རང་ཉིད་ཀྱིས་བྱས་ཏེ་ཁྱོན་ཟླ་དྲུག་ལྷག་འགོར་ཡོད་སྐོར་དང་། གློག་བརྙན་དུས་སྟོན་ཁག་ལ་མཉམ་ཞུགས་བྱེད་སྐབས། གློག་བརྙན་ནང་གི་མི་སྣའི་མིང་རྣམས་བོད་མིང་ཡིན་པའི་རྐྱེན་གྱིས་དཀའ་ངལ་ཕྲན་བུ་བྱུང་ཡོད་ཚུལ་དང་། དང་ཐོག་གློག་བརྙན་དུས་སྟོན་ནང་ཨོ་གླིང་གི་བོད་མིའི་ (Tibetan Australian) མིང་ཐོག་ནས་འཛུལ་ཞུགས་བྱས་ཡོད་ཀྱང་། ཕྱིས་སུ་ཨོ་གླིང་ཙམ་ལས་བོད་ཅེས་པའི་མིང་དེ་ནག་གསུབ་བཏང་ཡོད་སྐོར་བརྗོད་བྱུང་།

ད་ཐེངས་བསྟན་འཛིན་རབ་གསལ་ལགས་ལ་ཐོབ་པའི་གཟེངས་བསྟོད་བྱ་དགའ་དེ་ནི། འཛམ་གླིང་གི་གྲགས་ཆེན་ཧོ་ལི་ཝུ་ཌི་གློག་བརྙན་ལྷན་ཚོགས་ཀྱི་ཁོངས་གཏོགས་གློག་བརྙན་དུས་སྟོན་ཞིག་གིས་གནང་བ་ཡིན་འདུག་ལ།  གློག་བརྙན་དུས་སྟོན་དེར་འཛམ་གླིང་ཡུལ་གྲུ་ ༢༣ ནས་ཁྱོན་གློག་བརྙན་ ༤༠༠༠ ལྷག་འབྱོར་གྱི་ཡོད་ཅིང་། ད་ལན་བསྟན་འཛིན་རབ་གསལ་ལགས་ཀྱི་ ༡༣༠ ཞེས་པའི་བརྙན་ཐུང་དེ་རིང་མིན་རང་དབང་བརྙན་ཐུང་གཟེངས་བསྟོད་དུས་སྟོན་ (ISA) གྱི་གཞུང་འབྲེལ་བརྒྱུད་ལམ་ xerb.tv ཞེས་པའི་སྟེང་ཤར་གཏོང་བྱ་རྒྱུ་ཡིན་འདུག

ད་ལྟ་རང་ལོ་ ༢༤ ཡིན་པའི་བསྟན་འཛིན་རབ་གསལ་ལགས་ནི་ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་དུ་འབྱོར་ཏེ་དྷ་སྟེང་བོད་ཁྱིམ་སློབ་གྲྭར་འཛིན་རིམ་བཅུ་པ་ཐོན། དེ་ནས་ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་བྱང་ཕྱོགས་དྷེ་ར་དྷུན་གྲོང་ཁྱེར་དུ་ཆགས་པའི་སེ་ལ་ཀུལ་བོད་ཁྱིམ་སློབ་གྲྭའི་ནང་ཚན་རིག་སློབ་ཚན་བླངས་ཏེ་མཐར་ཕྱིན། ཕྱིས་སུ་བོད་ཀྱི་ཆབ་སྲིད་བཙོན་པའི་འབྲེལ་ཡོད་ཀྱི་མིང་ཐོག་ནས་ཕྱི་ལོ་ ༢༠༡༤ ལོར་ཨོ་གླིང་དུ་བསྐྱོད་དེ། ཡུལ་དེའི་གྲོང་ཁྱེར་སིཌ་ནིའི་ཨེས་ཨེ་ཨི་མཐོ་རིམ་སློབ་གཉེར་ཁང་ (SAE Institute) དུ་ལོ་གསུམ་ཙམ་ལ་འགུལ་རིས་ (Animation) ཀྱི་ཆེད་ལས་སློབ་སྦྱོང་བྱས། ད་ལྟ་སིཌ་ནི་གཙུག་ལག་སློབ་གྲྭའི་ནང་འཕྲུལ་རིག་བཟོ་སྐྲུན་རིག་པ་(Robotic Engineer)དང་གློག་བརྙན་བཟོ་སྐྲུན་ཐད་སློབ་སྦྱོང་བྱེད་ཀྱིན་ཡོད་འདུག

བསྟན་འཛིན་རབ་གསལ་ལགས་ཀྱིས་བརྗོད་ན། རང་ཉིད་ཐོག་མར་ཨོ་གླིང་དུ་འབྱོར་སྐབས་ཡུལ་དེའི་བོད་པའི་ཕ་མ་རྣམས་ཉིན་རྒྱུན་ལས་ཀར་ཕྱིན་པ་དང་བསྟུན། ཕྲུ་གུ་རྣམས་ཀྱིས་རང་ཁྱིམ་དུ་ཕྱིའི་སྐད་ཡིག་ནང་ཡོད་པའི་འགུལ་རིས་གློག་བརྙན་སོགས་ལྟ་བ་ལས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ནང་དོན་ལྡན་པའི་འགུལ་རིས་གློག་བརྙན་ལྟ་རྒྱུའི་མཐུན་འགྱུར་མེད་སྟབས། མ་འོངས་པར་རང་ཉིད་ཀྱིས་འགུལ་རིས་ཐོག་ཆེད་སྦྱོང་བྱས་ཏེ། བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་འགུལ་རིས་གློག་བརྙན་བཟོ་རྒྱུའི་དམིགས་ཡུལ་བཅངས་བ་བཞིན། མ་འོངས་པར་བོད་ཀྱི་སྐད་ཡིག་རིག་གཞུང་གི་དོན་སྙིང་ཡོད་པའི་གློག་བརྙན་ཕབ་བསྐྲུན་བྱེད་རྒྱུའི་འདུན་པ་ཡོད་སྐོར་བརྗོད་བྱུང་།

༡༣༠ ཞེས་པའི་གློག་བརྙན་དེ་ནི་སིཌ་ནི་གཙུག་ལག་སློབ་གྲྭའི་རྒྱབ་ཕྱོགས་སུ་ཁང་རྙིང་འགའ་ཤས་ཡོད་པ་དེ་དག་ནང་། དེ་སྔ་ཀླད་ནད་ཅན་དང་རྒས་འཁོགས་རྣམས་ལ་སྨན་པ་དང་སྨན་ཞབས་པས་སྡུག་སྦྱོང་བཏང་སྟེ། མི་མང་པོ་ཞིག་རྐྱེན་འདས་སུ་སོང་རྐྱེན་དུས་ད་ལྟའང་སློབ་ཆེན་གྱི་ར་སྐོར་ནང་ཁོ་ཚོའི་རྣམ་ཤེས་འཁྱམ་བཞིན་ཡོད་པའི་གཏམ་རྒྱུད་དེ་གཞི་ལ་བཞག་ནས་ཕབ་བསྐྲུན་བྱས་པ་ཞིག་ཡིན་འདུག་ལ། གློག་བརྙན་ཉིན་ཐོ་ཞིག་བརྒྱུད་ནས་མི་སྣ་གཙོ་བོ་ཟླ་བས་སློབ་གྲྭའི་དགེ་ལས་རྣམས་ཀྱིས་ཕན་ཚུན་ལ་བཤད་བཞིན་པའི་གཏམ་རྒྱུད་དམ་འཁྱལ་གཏམ་དེ་བདེན་པ་ཡིན་མིན་བཙལ་འཚོལ་བྱས་རྗེས། གཙུག་ལག་སློབ་གྲྭ་དེའི་འཛིན་ཁང་ ༡༣༠ ནང་རྐྱེན་འདས་སུ་སོང་ཚུལ་གྱི་གཏམ་རྒྱུད་དེ་བཤམ་སྟོན་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༡༣

Leave a Reply