སྲིད་སྐྱོང་མཆོག་གིས་ཨ་རིའི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷོབ་ཁེ་སེ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་དབྱེ་འབྱེད་དང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྐོར་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་(Nancy Pelosi)མཆོག་གཙོས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷོབ་ཁེ་སེ་(Bob Casey)མཆོག་དང་། ཨ་རིའི་ལྷོ་དབུས་ཨེ་ཤ་ཡའི་དྲུང་ཆེ་ལས་རོགས་ཀྱི་ལས་ཚབ་ཨ་ལི་སི་ཝེ་ལི་སི་(Alice Wells)མཆོག་བཅས་ལ་མཇལ་འཕྲད་གནང་སྟེ། ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་ལྕམ་ནན་སི་པི་ལོ་སི་མཆོག་ནི་ཡུན་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། ལྷག་པར་ལྕམ་སྐུ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། གཞན་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷོབ་ཁེ་སེ་ཡིས་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་བར། སྲིད་སྐྱོང་མཆོག་གིས་འཐུས་མི་ཁོང་ལ་རྒྱ་ནག་གཞུང་གིས་ཐབས་ལམ་འདྲ་མིན་བརྒྱུད་བོད་ནང་དྲག་གནོན་བྱས་དང་བྱེད་བཞིན་པ་སོགས་བོད་དོན་སྐོར་ནས་འགྲེལ་བརྗོད་གནང་ཡོད་འདུག

གྲོས་ཚོགས་འཐུས་མི་བྷོབ་ཁེ་སེ་མཆོག་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་དང་དྲང་བདེན་མ་ཡིན་པའི་ཚོང་ལས་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པར་སྐྱོན་བརྗོད་དང་། རྒྱ་ནག་གཞུང་གིས་བོད་ནང་དེ་ལྟ་བུའི་མི་རིགས་དབྱེ་འབྱེད་དང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྐོར་གསུངས་ཡོད་འདུག དེ་བཞིན་ཨ་རིའི་དབུས་ཨེ་ཤ་ཡའི་དྲུང་ཆེ་ལས་རོགས་ཀྱི་ལས་ཚབ་མཇལ་འཕྲད་ཀྱིས་རྒྱ་ནག་གི་གནོན་ཤུགས་བལ་ཡུལ་ནང་བསླེབས་པའི་རྐྱེན་གྱིས་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་འདུག
གཞན་ཡང་ཕྱི་ཚེས་ ༡༢ ཉིན། སྲིད་སྐྱོང་མཆོག་ཨ་རིར་འབྱོར་བ་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་སེ་མུལ་བྷི་རོན་བྷད་ཁི་(Samuel D. Brownback)མཆོག་དང་ཐུག་འཕྲད་ཀྱིས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་སྐོར་ནས་འགྲེལ་བརྗོད་དང་། སྐུ་ཞབས་ཁོང་གིས་དེ་སྔོན་ནས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་བ་དང་། སྔར་ལོ་བཞུགས་སྒར་དྷ་སར་འཚམས་གཟིགས་སུ་ཕེབས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

མཛད་འཆར་ལྟར་ན་ཐེངས་འདིར་ཐེངས་འདིར་སྲིད་སྐྱོང་མཆོག་ཨ་རི་དང་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣར་མཇལ་འཕྲད་དང་།  བོད་དོན་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ནང་མཉམ་ཞུགས། དེ་བཞིན་ས་གནས་བོད་རིགས་ཚོར་གཏམ་བཤད་གནང་རྒྱུ་དང་། དེ་བཞིན་ཁ་ནཱ་ཊར་ནང་སྤྱི་མཐུན་སྲིད་གཞུང་གི་ལམ་ལུགས་དང་། འཛིན་སྐྱོང་སྐོར་གྱི་ལྷན་ཚོགས་ཐོག་བོད་དོན་གཏམ་བཤད་གནང་རྗེས། ཕྱི་ཟླ་ ༣ ཚེ་ ༢ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག་གིས་བོད་མིའི་སྒྲིག་འཛུགས་དྲ་རྒྱ་ནས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༢༠/༠༢/༡༤

Leave a Reply

One thought on “སྲིད་སྐྱོང་མཆོག་གིས་ཨ་རིའི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང།