ཞི་ཅིན་ཕིན་གྱི་བློ་ཐག་ཉེ་བོ་ཞིག་ཧོང་ཀོང་ལས་དོན་ཁང་གི་མགོ་འཁྲིད་དུ་བསྐོས།

རྒྱ་ནག་གཞུང་གིས་ཧོང་ཀོང་ལ་སྔར་ལས་སྟངས་འཛིན་ནན་མོ་བྱེད་ཆེད་ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་དང་འབྲེལ་བའི་མཐོ་རིམ་མགོ་འཁྲིད་མང་པོ་ཞིག་གི་གོ་གནས་བརྗེ་སྒྱུར་བྱེད་བཞིན་ཡོད་འདུག 

ལྷོ་བརྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་ཕྱི་ཚེས་ ༡༣ ཉིན། རྒྱ་ནག་གི་མི་ཤུགས་ཐོན་སྐྱེད་ལྷན་ཁང་གིས (China’s Human Resources Ministry) རྒྱ་ནག་དབུས་གཞུང་གིས་ཐད་བསྐོས་བྱས་པའི་ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གི་འགན་འཛིན་ཀྲང་ཞོ་མིན་ (Zhang Xiaoming)གྱི་གོ་གནས་ཕབ་སྟེ་འགན་འཛིན་གཞོན་པར་བསྐོས་ཏེ། ཁོའི་ཚབ་ཏུ་སྲིད་འཛིན་ཞི་ཅིན་ཕིན་དང་བློ་ཐག་ཉེ་བའི་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ (Chinese People’s Political Consultative Conference) ཞེས་པའི་སྤྱི་ཁྱབ་དྲུང་ཆེ་དང་ཚོགས་གཞོན་ཞ་པའོ་ལུང་(Xia Baolong) འགན་འཛིན་གསར་པར་བསྐོ་གཞག་བྱས་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་ཧོང་ཀོང་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་མ་ཁེ་རི་ལེམ་གྱིས་ཞ་པའོ་ལུང་ལ་འཚམས་འདྲིའི་བསྒྲགས་གཏམ་སྤེལ་བའི་ནང་། སྐུ་ཞབས་ཞ་པའོ་ལུང་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་གཞོན་ཡིན་བཞིན་དུ་ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱུང་བ་དེས། དབུས་གཞུང་གིས་ཧོང་ཀོང་དང་ཨོ་མིན་གཉིས་ཀྱི་གནད་དོན་གལ་ཆེན་འཛིན་གྱི་ཡོད་པ་མཚོན་གྱི་ཡོད་སྐོར་བརྗོད་ཡོད་པ་དང་། དེ་ནི་པེ་ཅིན་གཞུང་གིས་ཞིང་ཆེན་མགོ་འཁྲིད་(state leader) ཅིག་ཧོང་ཀོང་དང་འབྲེལ་བའི་བློན་ཆེན་རིམ་པའི་གོ་གནས་སུ་བསྐོས་པ་ཐེངས་དང་པོ་ཡིན་པ་མ་ཟད། དེ་ལྟར་བྱས་དོན་ཡང་གཙོ་བོ་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གྲོང་ཁྱེར་ལ་ཐད་ཀར་སྟངས་འཛིན་ནན་པོ་བྱ་ཐུབ་ཆེད་ཡིན་འདུག

ཡང་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཁོངས་སུ་ཡོད་པའི་ཧོང་ཀོང་གི་འཐུས་ཚབ་ཐེམ་ཡུ་ཁྲུང་(Tam Yiu-chung) ཟེར་བ་དེས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དམངས་གཙོའི་གཞུང་རྒོལ་ལས་འགུལ་བྱུང་བ་དང་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཛ་དྲག་ཡིན་པའི་སྐབས་འདིར་གློ་བུ་ཧོང་ཀོང་གི་མགོ་འཁྲིད་བརྗེ་སྒྱུར་བྱེད་དོན་ནི་དབུས་གཞུང་གིས་ཧོང་ཀོང་ལ་འཛིན་པའི་སྲིད་བྱུས་དག་ལག་བསྟར་དོན་འཁྱོལ་ཡོང་ཆེད་ཡིན་སྐོར་བརྗོད་ཡོད་པ་པ་དང་། ཡང་རུ་ཊར་གསར་ཁང་གི་དེ་འབྲེལ་གནས་ཚུལ་ནང་ཧོང་ཀོང་བྷབ་ཊི་སི་ཊི་ (Hong Kong Baptist University)གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་སློབ་དཔོན་ཇིན་པེ་རི་ཁེ་སྦེ་སི་ཏན་ (Jean-Pierre Cabestan) ཞེས་པ་ཞིག་གིས།  འདས་པའི་དུས་ཡུན་ནང་ཞ་པའོ་ལུང་གིས་རང་ཉིད་ཞི་ཅིན་ཕིན་གྱི་བློས་འཁེལ་ཆོག་པའི་མི་ཞིག་ཡིན་པ་ར་འཕྲོད་བྱས་ཡོད་པ་ལྟར། མུ་མཐུད་དེ་ལྟར་བྱས་ཏེ་སྔར་དང་མི་འདྲ་བར་དབུས་གཞུང་གིས་ཧོང་ཀོང་གཞུང་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཆེ་རུ་འགྲོ་ངེས་ཡིན་སྐོར་བརྗོད་འདུག

སྔར་ལོའི་ཕྱི་ཟླ་ ༦ ནས་བཟུང་ཧོང་ཀོང་ནང་མི་མང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་བྱུང་བ་དང་བསྟུན། རྒྱ་ནག་གཞུང་གིས་ཧོང་ཀོང་གི་མཐོ་རིམ་མགོ་འཁྲིད་བརྗེ་བསྒྱུར་དང་་ལས་ཁུངས་ཕན་ཚུན་མཉམ་སྒྲིལ་བྱེད་རྒྱུའི་བྱ་འགུལ་སྤེལ་ཡོདཔ་དང་། དེ་ཡང་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༤ ཉིན་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱི་མིང་འཁུར་བའི་ཧོང་ཀོང་འབྲེད་མཐུད་ཁང་གི་འགན་འཛིན་ཝང་ཀྲི་མིན་(Wang Zhimin)ཟེར་བ་འགན་འཛིན་གྱི་གོ་གནས་ནས་མར་ཕབ་ནས། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ལོ་རྒྱུས་ཞིབ་འཇུག་ཚན་པའི་ནང་བཏང་སྟེ། ཁོའི་ཚབ་ལ་ཧོང་ཀོང་གི་གནད་དོན་ཐད་ཉམས་མྱོང་མེད་པའི་ཞིང་ཆེན་གྱི་མགོ་འཁྲིད་ལུ་ཧུ་ནིང་(Luo Huinin)ཟེར་བ་དེ་འགན་འཛིན་གསར་བར་བསྐོ་གཞག་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་།  ཧོང་ཀོང་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ལུ་ཧུ་ནིང་དང་། ཨོ་མིན་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ཧྥུ་ཙི་དབྱིང་(Fu Ziying) གཉིས་ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་(HKMAO)གི་ལག་བསྟར་འགན་འཛིན་དུའང་བསྐོ་གཞག་བྱས་ཡོད་པ་རེད།

ཆབ་སྲིད་དབྱེ་ཞིབ་པས་ཐེངས་འདིའི་པེ་ཅིན་གཞུང་གིས་ཧོང་ཀོང་གི་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་ཁུངས་གཉིས་མཉམ་སྒྲིལ་བྱེད་དོན་ནི། པེ་ཅིན་གཞུང་གིས་ཧོང་ཀོང་གྲོང་ཁྱེར་ལ་སྔར་ལྷག་སྟངས་འཛིན་ནན་པོ་བྱ་ཆེད་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་།  ཡང་འགའ་ཤས་ཀྱིས་པེ་ཅིན་གཞུང་གིས་ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གི་ནུས་པ་ཆེ་རུ་བཏང་བ་བརྒྱུད། ཧོང་ཀོང་འབྲེལ་མཐུད་ལས་ཁང་མེད་པ་ལྟ་བུ་བཟོས་ཏེ། ཧོང་ཀོང་ལ་ཐད་ཀར་གནོན་ཤུགས་སྤྲོད་རྒྱུའི་ཐབས་བྱུས་འཐེན་བཞིན་ཡོད་སྐོར་བརྗོད་ཡོད་འདུག

ཞ་པའོ་ལུང་ནི་ཕྱི་ལོ་ ༢༠༠༣ ནས་ ༢༠༠༧ བར་ཞི་ཅིན་ཕིན་རྒྱ་ནག་ཙེ་ཅང་ (Zhejiang) ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་སྐབས་འགན་འཛིན་གཞོན་པའི་གོ་གནས་བཟུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་ཁོས་ཙེ་ཅང་ཞིང་ཆེན་གྱི་ཁྲིམས་མཐུན་ཐོག་ཐོ་འགོད་བྱས་མེད་པའི་ཡེ་ཤུའི་ལྷ་ཁང་དག་རྩ་མེད་གཏོང་རྒྱུའི་གཞི་རྒྱ་ཆེ་བའི་ལས་འགུལ་སོགས་སྤེལ་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༢ ནང་ཞ་ལའོ་ལུང་གིས་ཧོང་ཀོང་སྲིད་གཞུང་གི་འཐུས་ཚབ་པ་རྣམས་ལ་དཀའ་རྙོག་ཅན་གྱི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་གཏན་འབེབ་ངེས་པར་བྱ་དགོས་པའི་བཀའ་བཏང་ཡོད་སྟབས། ད་ལྟ་རང་ལོ་ ༦༧ ཡིན་པའི་ཞ་པའོ་ལུང་ནི་སྲིད་འཛིན་ཞི་ཅིན་ཕིན་གྱི་བློ་ཐག་ཉེ་བའི་མི་ཞིག་དང་སྲིད་བྱུས་མཁྲེགས་པོ་འཛིན་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༡༤

Leave a Reply

One thought on “ཞི་ཅིན་ཕིན་གྱི་བློ་ཐག་ཉེ་བོ་ཞིག་ཧོང་ཀོང་ལས་དོན་ཁང་གི་མགོ་འཁྲིད་དུ་བསྐོས།

  1. བསོད་ནམས་རྒྱལ་མཚལ།

    ཧོང་ཀོང་བ་དང་ ཨོ་མིན་སྙིང་རྗེ། ད་མྱལ་བ་འགྲོ་རྒྱུ་རེད་འངུག་ག ཧོང་ཀོང་འགོ་ཁྲི་ ཤིན་རྗེ་གླང་དམར་བཀོད་ཚར་སོང་ང། 😪