རྒྱལ་མོའི་མི་མང་དཔེ་མཛོད་ཁང་གི་བོད་སྐོར་འཁྱོག་བརྗོད་ལ་ངོ་རྒོལ་བྱེད་ཀྱི་འདུག

ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་རྒྱལ་མོའི་མི་མང་དཔེ་མཛོད་ཁང་གི་བོད་སྐོར་འགྲེམས་སྟོན་ནང་རྒྱ་ནག་གཞུང་གི་འཁྱོག་བརྗོད་དྲིལ་བསྒྲགས་རིགས་སྤེལ་བཞིན་ཡོད་པས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བྱེད་ཀྱི་འདུགཉེ་བའི་བདུན་ཕྲག་གཅིག་ཙམ་གྱི་གོང་ནས་བཟུང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ཨལ་མེ་ཧ་སི་ཊེ་ (Elmhurst) ས་གནས་ཀྱི་རྒྱལ་མོའི་མི་མང་དཔེ་མཛོད་ཁང་ (Queens Public Library) དུ། བོད་ནང་གི་ཉིན་རེའི་འཚོ་བ་ཞེས་བའི་བརྗོད་གཞིའི་འོག་པར་རིས་འགྲེམས་སྟོན་ཞིག་བྱེད་བཞིན་ཡོད་པའི་ཁྲོད། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་བཏང་ཡོད་ཚུལ་དང་རང་དབང་ཡོད་པ། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་སོགས་འཁྱོག་བརྗོད་ཀྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པར་བརྟེན། ཕྱི་ཚེས་ ༡༢ ཉིན་ནས་ནེའུ་ཡོག་ས་གནས་བོད་ཀྱི་གཞོན་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོས་པའི་གོ་སྒྲིག་འོག ཉིན་ལྟར་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༡༡ ནས་ཆུ་ཚོད་ ༣ ཙམ་རིང་དཔེ་མཛོད་ཁང་དེའི་མདུན་དུ་པར་རིས་འགྲེམས་སྟོན་དེ་བོད་ནང་གི་དངོས་ཡོད་གནས་ཚུལ་དང་མི་མཐུན་པས་འགྲེམས་སྟོན་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཏེ་ངོ་རྒོལ་བྱེད་ཀྱི་ཡོད་འདུག

དཔེ་མཛོད་ཁང་དེའི་ནང་འཛུལ་མ་ཐག་སྦྱར་ཤིང་ཞིག་གི་ཐོག་གསལ་བཤད་ཡི་གེ་ཞིག་བྲིས་ཡོད་པའི་ནང་། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པས་ཕྱིའི་ཐེ་བྱུས་བྱེད་དུ་འཇུག་གི་མེད་པ། འདས་པའི་ལོ་ངོ་ ༦༠ རིང་བོད་ནང་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་དང་སྐྱེས་ཁམས་སོགས་གང་ཅིའི་ཐད་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ཡར་རྒྱས་ཕྱིན་ཡོད་པ། བོད་ནང་མི་རིགས་ཕན་ཚུན་མཐུན་སྒྲིལ་ཡོད་པ་དང་སྤྱི་ཚོགས་བརྟན་བརླིང་ཡིན་པ། ཆོས་ལུགས་མཐུན་སྒྲིལ་དང་བོད་མིའི་ཉིན་རེའི་འཚོ་བ་ཡར་རྒྱས་ཕྱིན་ཡོད་པ། བོད་མི་ཚོས་སེམས་གཏིང་ནས་རྒྱ་ནག་དབུས་གཞུང་དང་ས་གནས་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འདོད་མོས་ཡོད་སྐོར། དེ་བཞིན་རྒྱ་ནག་གི་ཞིང་ཆེན་གཞན་ནས་བོད་ཁྱོན་ཡོངས་ཀྱི་འཛུགས་བསྐྲུན་ལེགས་པོ་འགྲུབ་པར་རེ་སྒུག་བྱེད་ཀྱི་ཡོད་སྐོར་སོགས་བྲིས་ཡོད་འདུག་ལ། པར་རིས་ནང་བོད་མི་ཚོར་སྐད་ཡིག་རང་དབང་དང་ཆོས་དད་རང་དབང་སོགས་ཡོད་སྐོར་འགྲེམས་སྟོན་བྱེད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པར་བོད་མིས་ངོ་རྒོལ་ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་སྐོར་ལ་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་ངག་དབང་ཐར་པ་ལགས་ཀྱིས། ནེའུ་ཡོག་གྲོང་ཁྱེར་གྱི་ཨལ་མེ་ཧ་སི་ཊེ་ (Elmhurst) ས་གནས་སུ་རྒྱལ་མོའི་མི་མང་དཔེ་མཛོད་ཁང་ཞེས་པའི་ནང་དུ། བོད་ནང་གི་པར་རིས་འགྲེམས་སྟོན་བྱས་པའི་ནང་། བོད་མི་ཚོར་ཆོས་དད་རང་དབང་ཡོད་པ་དང་། འཛུམ་དམུལ་དམུལ་ཡིན་པ་དང་གྱོན་པ་ཡག་པོ་གྱོན་ཡོད་པ། བྱིས་པ་ཚོས་བོད་ཡིག་སྦྱོང་བཞིན་ཡོད་པ། མེ་འཁོར་ལྕགས་ལམ་བཙུགས་ཡོད་པ་སོགས་ཀྱི་འཁྱོག་བཤད་ཀྱི་པར་རིས་མང་པོ་ཞིག་ཡོད་པ་རེད། དེ་ཙམ་དུ་མ་ཟད། བོད་རྒྱ་ནག་གི་རང་སྐྱོང་ལྗོངས་ལྔའི་ཁོངས་ཀྱི་གཅིག་ཡིན་པ་དང་། བོད་ནང་མི་རིགས་མང་པོ་ཡོད་པའི་ཁྲོད་ནས་བོད་རིགས་ན་གཞོན་ཚོའི་བརྒྱ་ཆ་ ༩༩།༧ སློབ་གྲྭར་འགྲོ་བཞིན་ཡོད་པ་དང་བརྒྱ་ཆའི་ ༨༤ ཙམ་མཐོ་རིམ་སློབ་གྲྭ་ཐོན་གྱི་ཡོད་པ། ཁོང་ཚོའི་ཤེས་བྱའི་གནས་ཚད་མཐོན་པོ་ཡོད་པ། དེ་བཞིན་བོད་ནང་ཆོས་དད་རང་མོས་ཡོད་པ་དང་མེ་འཁོར་འཛུགས་སྐྲུན་བྱས་ཏེ་བོད་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པ། སྐྱེས་ཁམས་ལ་དོ་སྣང་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་སོགས་ཀྱི་འཁྱོག་བཤད་ཀྱི་པར་རིས་འགྲེམས་སྟོན་བྱེད་ཀྱི་ཡོད་པས། ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་གྱི་ཡོད་སྐོར་དང་།  འཁྱོག་བརྗོད་ཅན་གྱི་པར་རིས་འགྲེམས་སྟོན་དེ་མཚམས་འཇོག་མ་བྱས་བར་དུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བརྗོད་སོང་།ཡང་ཁོང་གིས། ཨ་རིའི་སློབ་གྲྭ་ཁག་གི་ནང་རིམ་པར་ཁུང་ཙི་ལྟེ་གནས་ཁང་དག་སྒོ་རྒྱག་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་ངན་བྱུས་གསར་པ་ཞིག་བཏོན་ཏེ། དཔེ་མཛོད་ཁང་ཁག་གི་ནང་འཛུལ་ནས་རྒྱ་ནག་གཞུང་གི་དངོས་ཡོད་མ་ཡིན་པའི་གནས་སྟངས་དེ་འཛམ་གླིང་ནང་དྲིལ་བསྒྲགས་བྱེད་པ་དང་། གཞོན་སྐྱེས་ཚོའི་ཀླད་པའི་ནང་ལྡུག་པ། ལྷག་པར་དུ་ས་གནས་འདིར་མགོ་བཙུགས་པའི་རྒྱུ་མཚན་ནི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་སྡོད་ཀྱི་ཡོད་པར་དམིགས་པ་ཞིག་ཏན་ཏན་ཡིན་པ་རེད། དེ་བཞིན་རྒྱ་རིགས་ཕྱི་རྒྱལ་བའི་བསམ་བློའི་ནང་རྒྱ་ནག་གི་དྲིལ་བསྒྲགས་དེ་དག་སྤེལ་བའི་ཐབས་བྱུས་རེད། ཅེས་བརྗོད་བྱུང་།

རྒྱལ་མོའི་མི་མང་དཔེ་མཛོད་ཁང་གི་མགྲིན་ཚབ་མ་ (Elisabeth de Bourbon) ལགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་བདེ་བཞིའི་ནང་། དཔེ་མཛོད་ཁང་དེའི་སྤྱི་ཁྱབ་འགན་འཛིན་དང་དཔེ་མཛོད་ཁང་གི་ལས་གཞིའི་འགན་འཛིན་གཉིས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཉིའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་དང་ས་གནས་བོད་མི་ཚོ་གནད་དོན་པར་རིས་འགྲེམས་སྟོན་དང་འབྲེལ་ཐུག་འཕྲད་བྱ་རྒྱུ་ཡིན་འདུག

ནེའུ་ཡོག་དང་ནེའུ་ཇར་སིས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ངོ་དེབ་ཐོག དཔེ་མཛོད་ཀྱི་འགྲེམས་སྟོན་འདིའི་ཕུགས་ན་ཆབ་སྲིད་ཀྱི་ཀུན་སློང་ཡོད་པ་མ་ཟད། འདི་ནི་བོད་མི་ཚོས་མི་རབས་འགར་རྒྱ་ནག་དམར་ཤོག་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་གི་ཡོད་པ་དྲན་གསོ་བྱེད་ཀྱི་ཡོད་པ་རེད། དཔེ་མཛོད་ཁང་གིས་བདེན་པ་དང་ཤེས་བྱ་གཞན་བརྒྱུད་སྤེལ་དགོས་པ་ལས། རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་སྤེལ་དགོས་པ་མིན། རྒྱལ་མོའི་དཔེ་མཛོད་ཁང་གིས་བདེན་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས། འཕྲལ་དུ་འགྲེམས་སྟོན་དེ་མཚམས་འཇོག་དགོས། ཞེས་བཀོད་འདུག

དཔེ་མཛོད་ཁང་གི་པར་རིས་འགྲེམས་སྟོན་དང་འབྲེལ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲ་ཐོག་ནས་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་གྱི་འདུག་ལ། ཁོང་ཚོའི་ངོ་དེབ་ཐོག་དཔེ་མཛོད་ཁང་དེའི་པར་རིས་འགྲེམས་སྟོན་དེ་ནི་རྒྱ་ནག་གི་ཨ་རི་ནང་སྡོད་པའི་དོན་གཅོད་དང་རྒྱ་ནག་དམར་ཤོག་ཚོགས་པར་ཐད་ཀར་འབྲེལ་བ་ཡོད་སྲིད་སྐོར་དང་། ཨ་རིའི་ནང་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བ་ནི་མི་ཆོག་པ་ཞིག་ཡིན་ཚུལ་བཀོད་འདུག་ལ། རྒྱལ་མོའི་མི་མང་དཔེ་མཛོད་ཁང་གི་བོད་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གྱི་གནད་དོན་དེ་བྱུང་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ནས་ཨ་རིའི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་ལ་བཀོད་ཁྱབ་ཅིག་བཏང་སྟེ། ཨ་རིའི་དཔེ་མཛོད་ཁང་སོ་སོའི་ནང་དེ་མཚུངས་ཀྱི་འཁྱོག་བརྗོད་ཅན་གྱི་འགྲེམ་སྟོན་སྤེལ་གྱི་ཡོད་ཚེ་གྲ་སྒྲིག་དགོས་སྐོར་གྱི་བཀའ་ཁྱབ་ཅིག་བཏང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༡༥

Leave a Reply

2 thoughts on “རྒྱལ་མོའི་མི་མང་དཔེ་མཛོད་ཁང་གི་བོད་སྐོར་འཁྱོག་བརྗོད་ལ་ངོ་རྒོལ་བྱེད་ཀྱི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་གོ་སྐབས་དང་རྒྱུད་ལམ་མང་པོ་བེད་སྤྱད་ནས་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་བོད་མི་རིགས་ཀྱི་ངོ་བོ་དང་འབྱུང་ཁུངས་སོགས་རྩ་མེད་བཟོ་རྒྱུའི་ཆབ་སྲིད་ཀྱི་ཟློས་གར་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་སྤེལ་བཞིན་པ་དེ་དག་ལ་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མི་སྒེར་སོགས་ནས་དུས་ཐོག་ལ་དཀར་འདོན་གྱི་ལན་འདེབས་དང་གསལ་བཤད་རྒྱལ་སྤྱིའི་སྟེང་སྤེལ་དགོས་པ་དེ་ང་ཚོ་བོད་མི་བཙན་བྱོལ་བ་ཚོའི་ལས་འགན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

  2. ༄༅། རྒྱ་དམར་པོ་སྐྱག་རྫུན་རིང་ལུགས་རེད། གང་བཤད་ཀྱང་ཡིད་ཆེ་གཏན་ནས་མེད།
    བདེན་དངོས་མིན་གནས་ཚུལ་བཤད་བཤད་ན་ཡང། ས་གོ་ལའི་མི་མང་ལྐུགས་མིན་ཤེས་ཡོན་ཅན་རེད།