རྟའུ་རྫོང་གི་སེར་སྐྱ་མི་མང་ལ་གསུང་འཕྲིན་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རྟའུ་ཡུལ་དགོན་གཉིས་ལ་འགོས་ནད་སྐོར་ལ་བརྟག་པ་དགྱིས་དོན་ལྟར་དམིགས་བསལ་ངན་དོག་ཆེ་བ་མ་ཤར་སྐོར་གསུངས་འདུག ཁ་སང་ཕྱི་ཚེས་ ༡༤ ཉིན། རྒྱ་ནག་ཝུ་ཧན་གྱི་གློ་བའི་འགོས་ནད་ཀྱི་དཀའ་ངལ་འོག་ཡོད་པའི་བོད་རྟའུ་རྫོང་གི་ཡུལ་སྡེ་དང་དགོན་པ་སྤྱི་ནས་བརྟག་ཞུ་སྐྱབས་འཇུག་འབྱོར་བ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བརྟག་པ་དགྱིས་དོན་ལྟར་དམིགས་བསལ་ངན་དོག་ཆེ་བ་མ་ཤར་ཡང་། སྤྱི་མཐུན་ལས་དབང་དང་འབྲེལ་བས་ཡུལ་སྤྱི་ནས་འཕྲོད་བསྟེན་སྔོན་འགོག་གཟབ་ནན་དང༌། སྒྲོལ་མ་དང་མ་ཎི་གང་འགྲོ་གསོག །སྟོན་པའི་གསུང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ལ་ཐོས་བསམ་སྒོམ་པ་ཐུབ་ན་ཚོགས་བསགས་དང་ལས་སྒྲིབ་སྦྱོང་བར་དེ་བས་གནད་ཆེ་བ་མེད། ཅེས་གསུང་འཕྲིན་བསྩལ་འདུག

དཀར་མཛེས་ཁུལ་གྱི་ནང་ནས་རྟའུ་རྫོང་གི་འགོས་ནད་གནས་སྟངས་ཚབས་ཆེ་ཤོས་ཆགས་ཡོད་པ་དང་།  དེ་རིང་དཀར་མཛེས་ཁུལ་འཕྲོད་བསྟེན་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  ཕྱི་ཚེས་ ༡༤ ཉིན་གྱི་ཆུ་ཚོད་ ༢༤ ཉིན་སི་ཁྲོན་ཞིང་ཆེན་ནང་གསར་དུ་བྱུང་བའི་ནད་པ་༧ ཡོད་པ་དང་། སི་ཁྲོན་ཞིང་ཆེན་གྱི་ཁུལ་དང་རྫོང་རིམ་པའི་ས་ཁུལ་ ༡༢༧ ནང་ཁྱོན་འགོས་ནད་ཅན་གྱི་ནད་པ་ ༤༧༠ ཡོད་པ་དང་། དེ་དག་གི་ཁྲོད་ནས་དཀར་མཛེས་ཁུལ་ལ་ནད་པ་ ༤༤ ཡོད་པ་ལས་ནད་པ་ ༣༩ རྟའུ་རྫོང་ནས་ཡིན་པ་དང་། རྟའུ་རྫོང་ཁོངས་སུ་ཕྱི་ཚེས་ ༡༤ ཉིན་ནད་པ་གཅིག་ཇེ་མང་དུ་སོང་ཡོད་པ་དང་། དཀར་མཛེས་ཁུལ་གྱི་ནད་པའི་ཁྲོད་དུ་སྐྱེས་པ་ ༢༤ དང་བུད་མེད་ ༢༠ ཡོད་པ་དང་།  ལོ་ན་རྒན་ཤོས་ ༧༦ དང་ཆུང་ཤོས་ལོ་ ༣ ཡིན་འདུག

འདི་གའི་གསར་འགོད་པས་འབྲེལ་ཡོད་ཅིག་ལ་དཀར་མཛེས་ཁུལ་གྱི་ནད་པ་དེ་དག་མང་ཆེ་བ་བོད་རིགས་ཡིན་མིན་སྐོར་དྲིས་པར། ཕྱི་ཟླ་ ༡ ཚེས་ ༢༤ ཉིན་རྟའུ་ནས་ས་ཆ་གཞན་ལ་སོང་ནས་ཕྱིར་ཡོང་བའི་བོད་མི་ཞིག་ལ་ནད་རྟགས་ཐོན་པ་ནས་བྱུང་ཡོད་པ་དང་། ཁོ་བརྒྱུད་ནས་ཁོ་རང་གི་ཉེ་འབྲེལ་ནང་བྱུང་གི་ཡོད་པ་དངོས་བདེན་རེད་མ་གཏོགས། དེ་མིན་ས་གནས་གཞན་གྱི་ནད་པ་མང་པོ་ཞིག་བོད་པ་ཡིན་མིན་ཤེས་རྟོགས་ཐུབ་ཀྱི་མི་འདུག་ལ། རྟའུ་ནས་ནད་པ་དེ་དག་དང་འབྲེལ་འདྲིས་བྱས་ཡོད་པ་མང་པོ་ཞིག་ལ་སྨན་ཁང་གིས་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་ནད་པ་དེ་དག་གི་ཁྲོད་ནས་འདས་གྲོངས་སུ་སོང་བ་མེད་ཀྱང་། ཛ་དྲག་ཡིན་པའི་ནད་པ་རེ་གཉིས་ཡོང་གི་ཡོད་སྐོར་བརྗོད་བྱུང་།

ཕྱི་ཚེས་ ༡༢ ཉིན་དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ལྷན་ཁང་ཟེར་བའི་བཀོད་ཁྱབ་འོག དཀར་མཛེས་ཁུལ་གྱི་བྲག་མགོ་དང་དཀར་མཛེས། སྡེ་དགེ། སེར་ཤུལ། དཔལ་ཡུལ། ཉག་རོང་། ལྕགས་ཟམ། ཕྱག་ཕྲེང་། འབའ་ཐང་། ལི་ཐང་། རོང་བྲག  བརྒྱད་ཟིལ། ཉག་ཆུ་བཅས་རྫོང་ཁག་ ༡༣ ནས་སྨན་པ་དང་སྨན་ཞབས་པ་ ༥༣ ལྷག་དང་། བོད་སྨན་ཆེད་མཁས་སྨན་པ་ ༡༠༠ ལྷག་རྟའུ་རྫོང་ནང་སྨན་བཅོས་མྱུར་སྐྱོབ་ཆེད་བཏང་ཡོད་པ་དང་། ཁོང་ཚོ་རྟའུ་རྫོང་དུ་མ་ཐོན་གོང་ལ་འཐབ་རྒོལ་ཞུ་ཡིག་ཟེར་བ་ཞིག་གི་ཐོག་མིང་རྟགས་འགོད་དུ་བཅུག་ཡོད་འདུག
མིང་རྟགས་བཀོད་དུ་བཅུག་པའི་ཞུ་ཡིག་དེའི་ནང་དུ། ཝུ་ཧན་གྱི་གློ་བའི་འགོས་ནད་མཚམས་མ་ཆད་བར་དུ་ང་ཚོའང་ཕྱི་ནུར་བྱ་རྒྱུ་མིན་ལ། ལས་གནས་བརྟན་སྲུང་བྱས་ཏེ་གློ་བའི་འགོས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། འཆི་གསོན་འགན་མེད་ཐོག་རྩ་འཛུགས་ཀྱི་བཀོད་སྒྲིག་ལ་རོགས་འདེགས་བྱེད་པའི་ཆོད་སེམས་བརྟན་པོ་ཡོད། ང་ཚོས་རང་ཉིད་ཀྱི་ཆེད་ལས་ལག་རྩལ་རྩལ་དུ་བཏོན་ནས་དགའ་སྤོབས་ཀྱི་སྙིང་སྟོབས་འཁུར་ཏེ། རང་སྲོག་འབེན་ལ་བཞག་ནས་རྒྱ་ཆེའི་མི་མང་གི་ཚེ་སྲོག་དང་འཕྲོད་བསྟེན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་པས། ང་ཚོ་གློ་བའི་འགོས་ནད་ཛ་དྲག་ཡིན་པའི་ས་གནས་སུ་བཀོད་སྒྲིག་གནང་རོགས། རྩ་འཛུགས་དང་མི་མང་གིས་ང་ཚོར་ཡིད་ཆེས་གནང་རོགས། ཞེས་སོགས་བྲིས་འདུག

གཞན་ཡང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༡༤ བར་བོད་རིགས་འདུས་སྡོད་ཀྱི་ཞིང་ཆེན་ཁག་ལས་མཚོ་སྔོན་ཞིང་ཆེན་དུ་ནད་པ་ ༡༨ དང་། ཀན་སུའུ་ཞིང་ཆེན་དུ་ནད་པ་ ༩༠། ཡུན་ནན་ཞིང་ཆེན་དུ་ནད་པ་ ༡༦༢ བཅས་ཡོད་པ་དང། བོད་རིགས་འདུས་སྡོད་ཤུགས་ཆེན་ཡིན་པའི་ས་ཁུལ་ཁག་ལས་རྔ་བ་ཁུལ་དུ་ནད་པ་ ༡ དང་ཟི་ལིང་དུ་ནད་པ་ ༡༥།  མཚོ་བྱང་ཁུལ་དུ་ནད་པ་ ༣།  ཀན་ལྷོར་ནད་པ་ ༨ བཅས་ཡོད་པ་དང་། ཞིང་ཆེན་ཁག་ཡོངས་ནས་ད་བར་ཁྱོན་ནད་པ་ ༢༡༢ དྲག་སྐྱེད་བྱུང་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༡༥

Leave a Reply