ཕྱི་ལོ་ ༡༩༦༢ སྔོན་ལ་རྒྱ་གར་ནང་འབྱོར་ཞིང་ད་ལྟ་རང་ལོ་ ༢༡ ནས་ ༣༢ བར་ཡིན་པ་ཞིག་མེད།

རྒྱ་གར་གཞུང་ནས་སྐྱབས་བཅོལ་བོད་མི་སོགས་ལ་གཞུང་ཞབས་ནང་ཡིག་ཚད་གཏོང་བའི་ཐོབ་ཐང་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་དེའི་ནང་ཡིག་རྒྱུགས་མ་གཏང་ཚེ་ཐོབ་ཐང་རག་གི་མེད་ཅེས་པ་དེ་གསར་དུ་བསྣན་ཡོད་པ་མ་གཏོགས་ཚང་མ་རང་འཇགས་རེད་འདུག་ཟེར།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་དང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་གར་དབུས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༡༩༦༢ ཟླ་ ༡ ཚེས་ ༡ སྔོན་ལ་རྒྱ་གར་ནང་འབྱོར་བའི་སྐྱབས་བཅོལ་བོད་མི་རྣམས་ནས་རྒྱ་གར་གཞུང་གི་འཛིན་སྐྱོང་སྡེ་ཚན་དང་ཉེན་རྟོག་ཚན་པ། དེ་བཞིན། ཕྱི་སྲིད་སྐུ་ཚབ་ལས་དོན་སོགས་འཕུད་པའི་གཞུང་གི་ལས་རིགས་ཚང་མའི་ནང་ཆ་ཤས་ལེན་ཐུབ་ཀྱི་ཡོད་པས། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣ གྱི་ཕྱི་དྲོའི་ཆུ་ཚོད་ ༦ པ་ནི་ཆེས་མཐའ་མའི་ལས་འཚོལ་གྱི་དྲ་ཐོག་འགེངས་ཤོག་སྐོང་དུས་ཡིན་ལ།  ལས་ཞུགས་པ་རྣམས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡ ཉིན་རང་ལོ་ ༢༡ ནས་ ༣༢ བར་ཡིན་དགོས་སྐོར་གསལ་འདུག

ལོ་ཚད་ཀྱི་ཆ་རྐྱེན་ནང་གསལ་ལྟར་རྩིས་ན།  ཕྱི་ལོ་ ༡༩༦༢ ལོར་སྐྱེས་པའི་བྱིས་པ་ཞིག་ཡིན་ནའང་ད་ལྟ་རང་ལོ་ ༦༠ ཟིན་གྱི་ཡོད་པ་དང་། ཡང་ཕྱི་ལོ་ ༡༩༦༢ སྔོན་ལ་རྒྱ་གར་ནང་བསླེབས་པའི་ཕ་མ་ཚོའི་བྱིས་པ་ལ་གཞུང་ཞབས་ནང་ཡིག་ཚད་གཏོང་བའི་གོ་སྐབས་ཡོད་པ་ཞིག་ཏུ་གོ་ཡི་ཡོད་མེད་སོགས་ཁ་གསལ་མི་འདུག་སྟབས།  འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་། དྲིལ་བསྒྲགས་ལས་ཁུངས་བཅས་སུ་བཅར་ནས་དེའི་སྐོར་བཀའ་འདྲི་ཞུས་དུས་གནས་ཚུལ་དེ་ཁ་གསལ་མེད་སྐོར་གསུངས་བྱུང་། དེ་ནས་ཁ་པར་བརྒྱུད་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཅིག་ལ་སྐད་ཆ་དྲིས་པར་ཁོང་གིས། གནས་ཚུལ་འདི་ལ་གོ་ནོར་ཐེབས་ཀྱི་ཡོད་པ་རེད། ཕྱི་ལོ་ ༡༩༦༢ གོང་གི་བོད་མི་སྐྱབས་བཅོལ་བ་ཟེར་བའི་གནས་ཚུལ་འདི་གསར་པ་གང་ཡང་མ་ཡིན་པར་སྔོན་མ་ནས་ཡོད་པ་རེད། ཡོད་པ་གང་ཞིག་ལ་ལག་ལེན་ཐོག་གསལ་བཤད་དང་གནས་ཚུལ་གཙང་མ་ཡོད་པ་མ་རེད། གནས་ཚུལ་འདི་འཆར་ཅན་སྤེལ་བསྡད་ཡོད་པ་དང་། ད་ལྟ་གནད་འགག་ཅིག་ཡོད་པ་ནི་ལོ་ ༢༡ ནས་ ༣༢ བར་ཡིན་དགོས་ཟེར་བ་དེ་མ་ཡིན་པར་ཕྱི་ལོ་ ༡༩༦༢ གོང་གི་བོད་མི་ཟེར་བ་དེ་རེད། ཕྱི་ལོ་ ༡༩༦༢ གོང་གི་བོད་མི་སྐྱབས་བཅོལ་བ་ཡིན་ན་ད་ལྟ་ལོ་ག་ཚོད་ཆགས་ཀྱི་ཡོད་པ་རེད། ཡོང་མི་སྲིད་པ་ཞིག་རེད། དེ་ནས་ ༡༩༦༢ གོང་གི་བོད་མི་ཚོའི་བུ་ཕྲུག་རྣམས་ལ་གོ་སྐབས་འདི་ཐོབ་ཀྱི་ཡོད་མེད་དང་གལ་སྲིད་འདིའི་ནང་ཚུད་ཀྱི་ཡོད་ཚེ། འགྲོ་ལུགས་འགྲོ་སྟངས་གང་ཡིན་སོགས་གསལ་ཁ་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་དྷ་རམ་ས་ལའི་རྒྱ་གར་ཁྲིམས་རྩོད་པ་ཝི་ནཱ་ཡག་ (Vinayak Narayan)ལགས་སུ་དེའི་སྐོར་སྐད་ཆ་དྲིས་དུས་ཁོང་གིས། གསལ་བསྒྲགས་དེའི་ནང་ཕྱི་ལོ་ ༡༩༦༢ སྔོན་ལ་རྒྱ་གར་ནང་ཡོང་བའི་སྐྱབས་བཅོལ་བོད་མི་ཡིན་དགོས་ཞེས་བཀོད་ཡོད་པས། ཁོ་ཚོའི་བུ་ཕྲུག་ཚོར་ཐོབ་ཐང་དེ་རག་གི་མེད་པ་རེད། གང་ཡིན་ཟེར་ན། ཡིག་ཆའི་ནང་སྐྱབས་བཅོལ་བོད་མིའི་བུ་ཕྲུག་ཚོར་ཐོབ་ཐང་དེ་རག་གི་ཡོད་པའི་ཡིག་འབྲི་གཅིག་ཀྱང་བཀོད་མེད་པ་རེད། ཕྱི་ལོ་ ༡༩༦༢ སྔོན་ལ་ཡོང་བའི་བོད་མི་ཚོ་ཐེངས་འདིའི་གཞུང་ཞབས་ཁྲོད་ཞུགས་པར་ལོ་ཚོད་བརྒལ་ཟིན་ཡོད་སྟབས། ཐེངས་འདིའི་གཞུང་ཞབས་ཀྱི་ལས་གནས་ཁྲོད་བོད་མི་ཚོར་གོ་སྐབས་མི་འདུག རྒྱ་གར་གཞུང་ཞབས་ཁྲོད་ལས་གནས་སྤྲོད་ཀྱི་ཡོད་པའི་གཞུང་འབྲེལ་ཡིག་ཆ་འདི་ཐོག་མར་ཕལ་ཆེར་ཕྱི་ལོ་ ༡༩༦༡ ལོ་ནས་མགོ་བཙུགས་ཡོད་པ་དང་། དེ་ནས་བཟུང་ཡིག་ཆ་འདི་བསྐྱར་འགོད་བྱས་ནས་ཡོང་ཡོད་པ་རེད། རྒྱུ་མཚན་ནི། རྒྱ་གར་དབུས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཡིག་ཆ་ཁག་རྒྱ་གར་གྲོས་ཚོགས་ནས་མ་གཏོགས་འགྱུར་བ་གཏོང་ཆོག་གི་མེད་པ་རེད། སྔོན་མ་ངས་ཀྱང་ཕྱི་ལོ་ ༡༩༩༨ ནས་ལོ་ ༤ རིང་གཞུང་ཞབས་ནང་ཡིག་རྒྱུགས་བཏང་བ་ཡིན། དེའི་སྐབས་སུ་འགེངས་ཤོག་བསྐོངས་ཚར་བ་ཡིན་ན་ཐོབ་ཐང་བླངས་ཟིན་པའི་དོན་དག་ཡོང་གི་ཡོད། འོན་ཀྱང་། ད་ལྟ་ཡིག་ཆའི་ནང་གལ་སྲིད་ཁྱེད་ཀྱི་ཡིག་རྒྱུགས་མ་གཏང་ཚེ་ཐོབ་ཐང་རག་གི་མེད་ཅེས་པ་དེ་གསར་དུ་ཁ་སྣོན་བྱས་འདུག དེ་མིན་སྔོན་མ་ནས་གནས་ཚུལ་གང་ཡོད་པ་ཚང་མ་རང་འཇགས་རེད་འདུག ཅེས་བརྗོད་བྱུང་།

རྒྱ་གར་དབུས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གསལ་བསྒྲགས་དེའི་ནང་། ཕྱི་ལོ་ ༡༩༦༢ ཟླ་ ༡ ཚེས་ ༡ སྔོན་ལ་རྒྱ་གར་ནང་འབྱོར་ཡོད་པའི་བོད་མི་དང་། འབྲུག་པ། བལ་པོ། དེ་བཞིན། པ་ཀི་སི་ཐན་དང་འབར་མ། ཤྲི་ལེངྒ། ཤར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་སོགས་ནས་ཡོང་བའི་སྐྱབས་བཅོལ་བ་དང་གནས་སྤོར་བ་ཚོར་རྒྱ་གར་གཞུང་གི་ལས་གནས་མཁོ་སྤྲོད་བྱ་རྒྱུ་ཡིན་པས། ལས་ཞུགས་བྱེད་འདོད་ཡོད་རིགས་ནས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣ གྱི་ཕྱི་དྲོའི་ཆུ་ཚོད་ ༦ པའི་ནང་ཚུན་དུ་སྙན་ཞུ་འབུལ་དགོས་པ་དང་།  ཕྱི་ཟླ་  ༤ ཚེས་ ༣༡ ཉིན་ནས་སྔོན་འགྲོའི་ཡིག་རྒྱུགས་གཏང་རྒྱུ་དང་། སྔོན་འགྲོའི་སྐར་གྲངས་རྣམས་དངོས་གཞིའི་སྐར་གྲངས་ནང་རྩི་ཡི་མེད་སྐོར་དང་། སྙན་ཞུ་འབུལ་མཁན་དེ་ནི་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡ བར་རང་ལོ་ ༢༡ ནས་ ༣༢ བར་ཡིན་དགོས་པ་མ་ཟད། དམའ་མཐར་རྒྱ་གར་གཞུང་དང་མཉམ་འབྲེལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་གི་ལག་འཁྱེར་དགོས་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༢༠/༠༢/༡༥

Leave a Reply

One thought on “ཕྱི་ལོ་ ༡༩༦༢ སྔོན་ལ་རྒྱ་གར་ནང་འབྱོར་ཞིང་ད་ལྟ་རང་ལོ་ ༢༡ ནས་ ༣༢ བར་ཡིན་པ་ཞིག་མེད།

  1. གཞུང་པ་ཚེ་དབང་བསོད་ནམས།

    གནས་ཚུལ་འདི་རིགས་ལ་གསར་འགོད་ཚོའི་རྒྱུས་ལོན་ཆ་ཚང་གནང་ནས་གསར་ཤོག་ཐོག་འགོད་རོགས་གནང་མི་མང་མགོ་ཐོམ་དུ་མ་འཇུག་རོགས་གནས་ཚུལ་འདི་ཉིན་ཤས་སྔོན་རྒྱ་གར་གྱི་གསར་འགྱུར་རྒྱུད་ལམ་ནས་གསལ་བསྒྲགས་གནང་བ་དང་དོན་གཉེར་་ཅན་གྱི་ན་གཞོན་མང་པོའི་འགེང་ཤོག་ཕུལ་རྒྱུའི་ཐབས་ཤེས་བྱེད་བཞིན་པ་རེད།