བོད་དོན་འཁྱོག་བརྗོད་ཀྱི་འགྲེམས་སྟོན་མཚམས་བཞག་མི་འདུག

ཨ་རིའི་རྒྱལ་མོའི་མི་མང་དཔེ་མཛོད་ཁང་གིས་བོད་དོན་འཁྱོག་བཤད་ཀྱི་འགྲེམས་སྟོན་མཚམས་འཇོག་བྱས་མེད་པས་བོད་མི་ཚོས་མུ་མཐུད་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག ཁ་སང་ཕྱི་ཚེས་ ༡༤ ཉིན། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཨལ་མེ་ཧ་སི་ཊེ་ (Elmhurst) ས་གནས་ཀྱི་རྒྱལ་མོའི་མི་མང་དཔེ་མཛོད་ཁང་གི་ཆེས་མཐོའི་སྐུ་ཚབ་དང་ས་གནས་ཀྱི་བོད་མིའི་སྐུ་ཚབ་བར་ཐུག་འཕྲད་གནང་སྟེ། ཨ་རི་གཞུང་གི་དཔེ་མཛོད་ཞིག་གི་ནང་རྒྱ་ནག་གིས་བོད་ཐོག་འཁྱོག་བརྗོད་བྱེད་པའི་པར་རིས་འགྲེམས་སྟོན་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་སྐོར་ལ་གྲོས་མོལ་བྱེད་སྐབས། འགྲེམས་སྟོན་དེ་འཕྲལ་དུ་མཚམས་འཇོག་བྱ་ཐབས་མེད་ནའང་མ་འོངས་པར་གཟབ་ནན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

བོད་སྐོར་ཀྱི་པར་རིས་འགྲེམས་སྟོན་དང་འབྲེལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་བདེ་བཞིའི་ནང་། རྒྱལ་མོའི་མི་མང་དཔེ་མཛོད་ཁང་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་ནིག་བྷོ་རོན་ (Nick Buron)ལགས་དང་དཔེ་མཛོད་ཁང་གི་ལས་གཞིའི་འགན་འཛིན་གྱི་སྐུ་ཚབ་གཅིག དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པ་ལགས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ཚབ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་སོགས་ས་གནས་བོད་མིའི་སྐུ་ཚབ་གཞན་ཁག་ཅིག་འཛོམས་ཏེ། ཆུ་ཚོད་ ༡ དང་སྐར་མ་ ༡༥ ཙམ་རིང་བོད་མིའི་སྐུ་ཚབ་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་དང་། ཐེངས་འདིའི་པར་རིས་འགྲེམས་སྟོན་ནི་རྒྱ་ནག་གཞུང་གིས་བོད་སྐོར་འཁྱོག་བརྗོད་ཀྱི་དྲིལ་བསྒྲགས་ཤིག་ཡིན་པ་མ་ཟད། འགྲེམས་སྟོན་དེས་ཉེ་འཁོར་གྱི་བོད་མི་ཚོར་ཕོག་ཐུག་ཤུགས་ཆེན་ཕྱིན་ཡོད་པས། རྒྱལ་མོའི་མི་མང་དཔེ་མཛོད་ཁང་ནས་འཕྲལ་དུ་པར་རིས་འགྲེམས་སྟོན་མཚམས་འཇོག་དགོས་སྐོར་བརྗོད་ཡོད་འདུག

སྐབས་དེར་དཔེ་མཛོད་ཀྱི་སྐུ་ཚབ་ནས་བོད་སྐོར་གྱི་འགྲེམས་སྟོན་དེ་འཕྲལ་དུ་མཚམས་འཇོག་བྱ་ཐབས་མེད་ནའང་། མ་འོངས་པར་དཔེ་མཛོད་ཀྱི་སྤྱི་ཁྱབ་འགན་འཛིན་དང་རྒྱུན་ལས། འབྲེལ་ཡོད་ལས་བྱེད་ལྷན་འཛོམས་བྱས་ཏེ། གནད་དོན་འདིའི་ཐད་གོ་བསྡུར་བྱ་རྒྱུ་ཡིན་སྐོར་དང་། མ་འོངས་བར་བོད་དང་འབྲེལ་བའི་འགྲེམས་སྟོན་སོགས་ཀྱི་སྐབས། ས་གནས་སུ་ཡོད་པའི་བོད་མི་དང་བོད་མིའི་ཚོགས་སྡེ་ཁག་ལ་བློ་འདྲི་བྱས་ཏེ་གཟབ་ནན་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

དཔེ་མཛོད་ཀྱི་སྐུ་ཚབ་དང་ལྷན་གོ་བསྡུར་བྱས་རྗེས་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་མཐར་པ་ལགས་ཀྱིས། འདས་པའི་ཉིན་ཤས་རིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་གྲུབ་འབྲས་གང་མགྱོགས་ཐོན་ན་བསམ་ནས་སོ་སོའི་ངོས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ནའང་། ད་ལྟ་བར་དུ་རེ་བ་ལྟར་གྲུབ་འབྲས་བྱུང་མ་སོང་། དེ་བས་ང་ཚོས་མཉམ་རུབ་ཐོག་ལས་འགུལ་ཤུགས་ཆེ་རུ་གཏོང་གི་ཡིན། ཞེས་དང་། དུས་རྒྱུན་ང་ཚོས་བོད་ནང་དང་བོད་ནང་ཞེས་བཤད་ཀྱི་ཡོད་ནའང་། ད་ལྟའི་ཆར་ཁོང་ཚོ་ང་ཚོའི་སར་ཚུར་བསླེབས་ཡོད་པ་རེད། ང་ཚོའི་བོད་ཕྲུག་ཚོས་སློབ་སྦྱོང་བྱེད་ས་དང་ཕྱི་རྒྱལ་མི་རིགས་མང་པོ་ཞིག་གིས་སློབ་སྦྱོང་བྱེད་སའི་དཔེ་མཛོད་ནང་། བོད་ནང་གི་གནས་ཚུལ་དངོས་ཡོད་མ་ཡིན་པར་འཁྱོག་བརྗོད་རྐྱང་བྱེད་བཞིན་པར་ང་ཚོས་ལྟད་མོ་བལྟས་ནས་བསྡད་ན་རྩ་བ་ཉིད་ནས་མ་འགྲིག་པ་ཞིག་རེད། ཅེས་བརྗོད་འདུག

ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ས་གནས་བོད་མི་ཚོས་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་ཉིན་ལྟར་ཨལ་མེ་ཧ་སི་ཊེ་ (Elmhurst) ས་གནས་ཀྱི་རྒྱལ་མོའི་དཔེ་མཛོད་ཁང་གི་མདུན་དུ་བོད་སྐོར་ཀྱི་འགྲེམས་སྟོན་དེ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། དེ་ནི་བོད་ནང་གི་དངོས་ཡོད་གནས་སྟངས་ལ་འཁྱོག་བརྗོད་ཅན་གྱི་རྒྱ་ནག་གི་དྲིལ་བསྒྲགས་ཤིག་ཡིན་པའི་ངོ་རྒོལ་བྱེད་མུས་ཡིན་པ་རེད་ལ། པར་རིས་འགྲེམ་སྟོན་དེ་མཚམས་འཇོག་མ་བྱས་བར་དུ་མུ་མཐུད་ངོ་རྒོལ་བྱེད་ཀྱི་ཡོད་འདུག་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་དྲ་ཐོག་ཏུ་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཏེ། མི་གྲངས་ ༢༥༠༠ ལྷག་གིས་མིང་རྟགས་བརྒྱབ་པའི་ཞུ་ཡིག་ཅིག་དཔེ་མཛོད་ཀྱི་སྐུ་ཚབ་ལ་ཐུག་འཕྲད་སྐབས་སྤྲད་ཡོད་པ་མ་ཟད། བོད་སྐོར་འཁྱོག་བརྗོད་ཀྱི་འགྲེམས་སྟོན་མཚམས་འཇོག་མ་བྱས་བར་དུ་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་སྐོར་བརྗོད་ཡོད་འདུག

ཟླ་འདིའི་བདུན་ཕྲག་སྔོན་མ་ནས་ཨལ་མེ་ཧ་སི་ཊེ་ས་གནས་ཀྱི་རྒྱལ་མོའི་མི་མང་དཔེ་མཛོད་ཁང་དུ། རྒྱ་ནག་གི་ནེའུ་ཡོག་ཏུ་སྡོད་པའི་དོན་གཅོད་ནས་ཐད་ཀར་འགྲོ་སོང་བཏང་སྟེ། བོད་ནང་གི་ཉིན་རེའི་འཚོ་བ་ཞེས་བའི་བརྗོད་གཞིའི་ཐོག འདི་ལོའི་ཕྱི་ཟླ་ ༦ བར་ལས་འཆར་ཡོད་པའི་བོད་སྐོར་ཀྱི་པར་རིས་འགྲེམས་སྟོན་དེ་མགོ་འཛུགས་བྱས་ཡོད་པ་དང་། གཞན་རྒྱལ་མོའི་མི་མང་དཔེ་མཛོད་ཁང་གི་ཡན་ལག་དཔེ་མཛོད་ཁང་གཞན་ ༨ ཙམ་ནང་གཅིག་མཚུངས་ཀྱི་འགྲེམས་སྟོན་བྱ་འཆར་ཡོད་འདུག་ལ། རྒྱལ་མོའི་མི་མང་དཔེ་མཛོད་ཁང་ནི་ཕྱི་ལོ་ ༡༨༩༦ ནང་མགོ་བཙུགས་པའི་ཨ་རིའི་གཞུང་འབྲེལ་དཔེ་མཛོད་ཁང་ཞིག་ཡིན་འདུག་ལ། དེར་ཡན་ལག་དཔེ་མཛོད་ཁང་ ༦༢ ཙམ་ཡོད་འདུག་པས། འཛམ་གླིང་གི་གཞུང་འབྲེལ་དཔེ་མཛོད་ཁང་ཆེ་ཤོས་ཤིག་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༡༥

Leave a Reply

2 thoughts on “བོད་དོན་འཁྱོག་བརྗོད་ཀྱི་འགྲེམས་སྟོན་མཚམས་བཞག་མི་འདུག

  1. བློ་བཟང་དབང་འདུས།

    ད་དུང་པགས་པ་ཐུག་པོ་ག་ཚོད་འདུག ༧གོང་ས་མཆོག་གི་སྐུ་པར་བཤམས་ག་བྱེད་ཀྱི་འདུག་ག 🙀 Wao ! ༧གོང་ས་མཆོག་ལ་མ་རེད་དོག་དོག་བྱེད་མཁན་ Virus’s 🦠 རྒྱུན་ཆད་ཡ་མིན་འདུག་ག ཁྱེད་རང་ཚོ་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཡིན་ཟེར་མཁན་ཚོ་ Corona Virus’s 🦠 ལས་ སྡུག་གིས་རེད་ད། ཀྱག་ཙ་ར་དེ་ཚོ་གིས་ ༧གོང་ས་མཆོག་ལ་མ་རེད་དོག་དོག རྒྱ་དམར་གུང་ཁྲན་ཡིན་དང་ཡིན། མིའི་རྣམ་སྤྱོད་ཡོད་ན་ ཟབ་ཟབ་

  2. ང་ཚོ་བོད་རང་བཙན་སློབ་ཕྲུག་ཚོགས་པར་མཚོན་ན། སྔོན་མ་ནས་བོད་རང་བཙན་རྩོད་མཁན་ཡིན་པ་དང་ད་ལྟ་ཡིན་ནའང་དེ་ག་རང་ཡིན།::གཙོ་བོ་ང་ཚོའི་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་བསམ་བློ་བཏང་བ་ཡིན་ན།:ང་ཚོ་མི་ཁག་ཅིག་གིས་འགྱུར་བ་གཏོང་ཐུབ་པ་ཞིག་མ་རེད།< ཟེར་ས་དེ་ སུ་ལ་རེད་ ? འོ་ཡ་ ༧གོང་ས་མཆོག་ལ་རེད་པ་ ? རྒྱུག་ཁྱི་ཚོ་འདི་བསྐད་ཆ་དེ་མ་བརྗེད་པ་བྱེད་ལ། ཐུ་ ཐུ་ ཐུ་