༧ས་སྐྱ་ཁྲི་འཛིན་མཆོག་གི་མཱ་ཧཱ་རཱ་ཤི་ཊ་ར་མངའ་ཁོངས་ཀྱི་མཛད་འཕྲིན་ལེགས་པར་གྲུབ།

༧ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ལས་རྒྱུ་འབྲས་ཀྱི་རྣམ་བཞག་གཙོ་བོ་སྐྱེ་བ་སྔ་ཕྱིར་ཐུག་ཡོད་པས་སྐྱེ་བ་སྔ་ཕྱིར་ཡིད་ཆེས་དང་བརྩི་མཐོང་བྱེད་དགོས་སྐོར་གསུངས།ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱ་གར་གྱི་མཱ་ཧཱ་རཱ་ཤི་ཊ་ར་ (Maharashtra) མངའ་སྡེའི་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ། ༧ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་ཉིན་གསུམ་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཚེས་ ༡༧ ཉིན་མཁའ་ལམ་བརྒྱུད་ཕྱིར་བཞུགས་གནས་སུ་ཞབས་སོར་འཁོད་ཀྱི་ཡོད་འདུག

ཉིན་གསུམ་པར་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་མི་མང་ལ་ཚེ་དབང་ལོ་བརྒྱ་མའི་བཀའ་དབང་བསྩལ་སྐབས། ཚེ་དབང་ཞུས་པའི་དགོས་པ་དེ་ཚེ་རིང་པོ་ཡོང་བའི་ཆེད་རེད། ཚེ་རིང་པོ་ཡོང་ན་དགེ་བ་སྒྲུབ་པའི་དུས་ཚོད་མང་བ་འཐོབ་ཆེད་རེད། ང་རང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད་པས་ཆོས་སྒྲུབ་པ་དེ་ཚེ་འདིའི་ཆེད་ཙམ་མ་རེད། ནང་པ་སངས་རྒྱས་པའི་ཆོས་དེ་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་གཞིར་བཞག་ནས་གསུངས་པ་ཞིག་རེད། ལས་རྒྱུ་འབྲས་ཀྱི་རྣམ་བཞག་ཡང་གཙོ་བོ་སྐྱེ་བ་སྔ་ཕྱིར་ཐུག་ཡོད་རེད། དེ་འདྲ་སོང་ཙང་སྐྱེ་བ་སྔ་ཕྱིར་ཡིད་ཆེས་དང་བརྩི་མཐོང་བྱེད་དགོས་རེད། ཅེས་དང་། སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་ཡོད་ཙང་ཆང་རག་དང་མ་བྱིན་ལེན་པ་སོགས་བསླབ་པའི་གནས་ལྔའི་བསྲུང་བྱ་ཚུལ་བཞིན་སྲུང་དགོས་སྐོར་གསུངས་རྗེས། ཚང་མས་བོད་མིའི་ནང་ཁུལ་ཡིན་ན་འདྲ། ཡུལ་མི་ཡིན་ནའང་རེད། ལུང་པ་གང་འདྲ་ཞིག་ལ་འགྲོ་ན་རེད་མཐུན་ལམ་ཡག་པོ་གནང་དགོས་པ་དེ་གལ་ཆེ་རེད། ཅེས་གསུངས་ཡོད་པ་རེད།

དེའི་རྗེས་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ནད་ཡམས་ཞི་ཆེད་ས་སྐྱའི་ནད་གྲོལ་གྱི་ལྗགས་ལུང་དང་༧གོང་མ་ཁྲི་ཆེན་རིན་པོ་ཆེས་སྒྲུབ་གནང་མཛད་པའི་རི་ཁྲོད་ལོ་གྱོན་མའི་འཁྲུས་ཆུ་བཅས་གནང་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པའི་ཐུགས་སྨོན་མཛད་ཅིང་། ས་གནས་ཆོལ་གསུམ་ཟློས་གར་དང་། ཉིན་སློབ་བཅས་ཀྱིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་འདུག

ཕྱི་ཚེས་ ༡༤ ནས་ ༡༦ ཉིན་བར་ས་གནས་སུ་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་རིང་སྦྱིན་སྲེག་དང་། སྤྱན་རས་གཟིགས་དང་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་། ནང་ཆོས་ངོ་སྤྲོད། སྔ་འགྱུར་སྒྲུབ་རྒྱུད་ཆོས་འཕེལ་གླིང་དགོན་པ་དང་སློབ་གྲྭ གངས་ལྗོངས་ནོར་འབྲས་བཟོ་གྲྭ། རྒས་གསོ་ཁང་། སྨན་ཁང་། གྷོ་ཊན་གྷའུ་ཆུ་མཛོད། གཞིས་གྲོང་སོ་སོར་གཟིགས་སྐོར་དང་ཐུགས་སྨོན་རབ་གནས་མཛད།སྤྱིར་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་སྦན་ད་ར་ནོར་རྒྱས་གླིང་གཞིས་མི་ཡོངས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། འདས་ལོར་གཞིས་ཆགས་ལ་ཞབས་སོར་འཁོད་རྒྱུ་བྱས་ཡོད་འདུག་ཀྱང་། མཛད་འཆར་རྐྱེན་པས་ཆིབས་བསྒྱུར་གནང་ཐུབ་མེད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་དངོས་སུ་ཆེད་ཕེབས་མཛད་དེ་མཛད་རིམ་ཁག་བསྐྱངས་གནང་ཡོད་པ་དང་། ས་གནས་སུ་ཆིབས་ཕེབས་གནང་སྐབས་ས་གནས་མགོ་འཛིན་གྱི་གཙོས་ཕྱོགས་བཞུགས་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། ས་གནས་ཀྱི་ལས་སྣེ་རྣམ་པ་རྒྱ་གར་གྱི་གནད་ཡོད་མི་སྣ། གཞིས་ཆགས་ཀྱི་སེར་སྐྱ་མི་མང་བཅས་ནས་ཕེབས་བསུ་ཞུས་ཏེ་གཞིས་དགོན་ཐེག་ཆེན་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད་འདུག

འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་།

བསྐྱར་བཅོས།: ༢༠༢༠/༠༢/༡༧

Leave a Reply