ཏཱ་ལའི་བླ་མ་ཞེས་པའི་བརྙན་འཕྲིན་ལེ་ཚན་ཞིག་དབུ་འབྱེད་གནང་།

དུས་རྒྱུན་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུ་མཁན་ཝི་ཏི་ནམ་གྱི་ཁེ་ལས་པ་ཞིག་གིས་སྦྱིན་བདག་གནང་སྟེ་ཏཱ་ལའི་བླ་མ་ཞེས་པའི་བརྙན་འཕྲིན་ལེ་ཚན་ཞིག་དབུ་འབྱེད་གནང་སྟེ་གཙོ་བོ་ཝི་ཏི་ནམ་གྱི་དད་ལྡན་དོན་གཉེར་ཅན་ཚོར་བཀའ་ཆོས་རྣམས་བརྒྱུད་གཏོང་ཞུ་རྒྱུ་ཡིན་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོང་ཁྱེར་ཁ་ལི་ཧྥོ་ནེ་ཡའི་ནང་ཡོད་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཝི་ཏི་ནམ་གྱི་ཁེ་ལས་པ་མིང་ལ་ཀིན་ཀྲོ་(kinh chao)ཞུ་བ་ཞིག་གིས་སྦྱིན་བདག་གནང་སྟེ། ཁ་ལི་ཧྥོ་ནེ་ཡའི་ཨོ་རན་ཇི་(Orange)གྲོང་ཚོའི་ནང་ཝི་ཏི་ནམ་གྱི་བརྙན་འཕྲིན་ལེ་ཚན་ཏཱ་ལའི་བླ་མ་ཞེས་པ་ཞིག་གསར་བཟོ་བྱས་ཏེ་དངོས་སུ་དབུ་འབྱེད་གནང་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཏཱ་ལའི་བླ་མ་ཞེས་པའི་བརྙན་འཕྲིན་ལེ་ཚན་དེ་དགོས་བའི་དམིགས་ཡུལ་ནི། ཨ་རི་དང་ཁེ་ན་ཌ། དེ་བཞིན། ཝི་ཏི་ནམ་སོགས་འཛམ་གླིང་ནང་༧གོང་ས་མཆོག་གི་བཀའ་སློབ་རྣམས་ཐད་གཏོང་ཞུ་རྒྱུ་དང་། ཏཱ་ལའི་བླ་མ་ཞེས་པའི་བརྙན་འཕྲིན་ལེ་ཚན་དེས་ཉིན་གཅིག་གི་ཆུ་ཚོད་ ༡ རིང་༧གོང་ས་མཆོག་གི་བཀའ་སློབ་གཏོང་ཞུ་རྒྱུ་དང་། བཀའ་སློབ་དེ་ཉིན་གཅིག་གི་ཆུ་ཚོད་ ༢༤ ནང་ལེ་ཚན་དེ་ཐེངས་གཅིག་བསྐྱར་སྟོན་ཞུ་རྒྱུ་ཡིན་འདུག

ཐེངས་འདིའི་ཏཱ་ལའི་བླ་མ་ཞེས་པའི་བརྙན་འཕྲིན་ལེ་ཚན་དབུ་འབྱེད་མཛད་སྒོའི་སྟེང་མི་གྲངས་ ༥༠༠ ལྷག་འཛོམས་ཡོད་པ་མ་ཟད། ཁ་ལི་ཧྥོ་ནེ་ཡའི་རྫོང་(Westminster)གི་རྫོང་དཔོན་ཊི་ཐཱ(Tri Ta)ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་ལས་གཞི་དེ་འདྲ་ཞིག་བརྩམས་པར་བསྔགས་བརྗོད་གནང་བ་དང་སྦྲགས། འཛམ་གླིང་ནང་ལས་གཞི་དེ་འདྲ་ཞིག་ཡོད་རྒྱུ་གལ་གནད་ཆེ་སྐོར་སོགས་བརྗོད་ཡོད་འདུག

ཝི་ཏི་ནམ་གྱི་མི་འབོར་ཞིབ་བཤེར་ལྟར་ན། ཝི་ཏི་ནམ་ལ་ཁྱོན་མི་འབོར་ས་ཡ་ ༩༦།༢ ཡོད་པའི་ཁྲོད། ནང་པའི་མི་འབོར་ས་ཡ་ ༤༥ སྟེ། ཆོས་ལུགས་ཁག་གི་མི་འབོར་མང་ཤོས་ནང་པ་ཆགས་ཡོད་པ་དང་། ལོ་ལྟར་བཞུགས་སྒར་དྷ་རམ་ས་ལར་ཝི་ཏི་ནམ་གྱི་དད་ལྡན་ཆོས་ཞུ་བ་བརྒྱ་ཕྲག་མང་པོས་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུ་བར་ཡོང་གི་ཡོད་ལ། ཐེངས་འདིའི་ཏཱ་ལའི་བླ་མ་ཞེས་པའི་བརྙན་འཕྲིན་ལེ་ཚན་དེའི་སྦྱིན་བདག་དེའང་རྒྱུན་པར་བཞུགས་སྒར་དུ་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུ་མཁན་ཞིག་ཡིན་འདུག

ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་ནང་སངས་རྒྱས་ཀྱི་བརྙན་འཕྲིན་ (Lord Buddha TV)ཞུ་བ་ཞིག་གསར་བཟོ་བྱས་ཏེ། རྒྱ་གར་རྒྱལ་ཡོངས་སུ་སངས་རྒྱས་ཀྱི་མཛད་རྣམ་གཟིགས་འབུལ་ཞུ་བཞིན་ཡོད་པ་དང་། ད་ལྟའི་ཆར་བཟོ་གྲྭ་དེས་ཧིན་རྡུ་དང་མཱ་ར་ཐི་(Marathi)སྐད་ཡིག་གཉིས་ནང་༧གོང་ས་མཆོག་གི་སྐུ་ཚེའི་མཛད་རྣམ་སྐོར་གཟིགས་འབུལ་ཞུ་བཞིན་ཡོད་པ་དང་། སངས་རྒྱས་ཀྱི་བརྙན་འཕྲིན་ཞུ་བ་དེ་བརྙན་འཕྲིན་སྐུད་ལམ་ ༨༠༠ ལྷག་གི་ནང་ནས་ལྟ་ཐུབ་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༡༧

Leave a Reply

One thought on “ཏཱ་ལའི་བླ་མ་ཞེས་པའི་བརྙན་འཕྲིན་ལེ་ཚན་ཞིག་དབུ་འབྱེད་གནང་།

  1. སྙིགས་མའི་དུས་འདིར་སྐྱབས་མགོན་རིན་པོ་མཆོག་གི་གསུང་ཆོས་དང་མཛད་འཕྲིན་སོགས་གསན་རྒྱུ་དང་མཇལ་རྒྱུ་བྱུང་ན།
    བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཆེ་རུ་འགྲོ་བ་དང་། དུས་ཚོད་ཆུད་ཟོས་མ་འགྱུར་བ། མི་ཚེ་དོན་ལྡན་གྱི་ལམ་དུ་སྐྱོད་ཐུབ་པ།
    ཚེ་འདི་པ་ཙམ་མིན་པར་ཕྱི་མའི་ལམ་རྒྱག་ལེགས་པར་སོན་ཐུབ་པ་སོགས་མདོར་ན་འདི་ཕྱི་ལེགས་ཚོགས་འགྲུབ་པའི་མཐུན་རྐྱེན་དུ་འགྱུར་རྒྱུ་གདོན་མི་ཟ་བས་བརྙན་འཕྲིན་བརྒྱུད་ལམ་འདི་ལྟ་བུ་མཐུན་རྐྱེན་སྐྲུན་མཁན་གྱི་སྦྱིན་བདག་ཁོང་ལ་ཡི་རང་བསྔགས་བརྗོད་ཞུ་འོས་པའོ།།