ཀང་རཱ་རྫོང་ཁོངས་སུ་རིམས་སྲུང་རིལ་བུ་བཙོང་མི་ཆོག་པའི་བཀའ་ཁྱབ་བཏང་།

ཀཱང་ར་རྫོང་སྨན་རིགས་རྟོག་ཞིབ་ལས་ཁུངས་ནས་བཀའ་ཁྱབ་བཏང་སྟེ་རིམས་སྲུང་རིལ་བུ་ནག་པོ་དགུ་སྦྱོར་སྤྱིན་གཏོང་དང་འཚོང་མཚམས་འཇོག་དགོས་བྱུང་ཡོད་འདུག 
ཁ་སང་བོད་ཀྱི་སྨན་རྩིས་ཁང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཀང་རཱ་རྫོང་གི་སྨན་རིགས་རྟོག་ཞིབ་ལས་ཁུངས་ཀྱི་བཀོད་ཁྱབ་འོག བོད་ཀྱི་སྨན་རྩིས་ཁང་ནས་རིམས་སྲུང་རིལ་བུ་ནག་པོ་དགུ་སྦྱོར་འཚོང་བཞིན་པ་མཚམས་འཇོག་གནང་དགོས་ཁེལ་ཡོད་སྐོར་བརྗོད་འདུག་ལ། ཀཱང་ར་རྫོང་སྨན་ཁང་གིས་དེ་ལྟར་བཀོད་ཁྱབ་གནང་དོན་མི་མང་ལ་སེམས་ཁྲལ་དང་བརྡབ་གསིག་མི་འགྲོ་ཆེད་ཡིན་སྐོར་བརྗོད་འདུག

འདི་ག་དུས་བབ་ཀྱི་གསར་འགོད་པས་ཞལ་པར་བརྒྱུད་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་སུ། ཀང་རཱ་རྫོང་སྨན་རིགས་རྟོག་ཞིབ་ཁང་ནས་ཅིའི་ཕྱིར་ནག་པོ་དགུ་སྦྱོར་ཚོང་འགྲེམས་མཚམས་འཇོག་དགོས་པའི་བཀའ་ཁྱབ་གནང་བ་ཡིན་དྲིས་པར་ཁོང་གིས། མངའ་སྡེ་གཞུང་གིས་ཁུ་རོ་ནཱ་གློ་བའི་འགོས་ནད་ཐད་མངའ་སྡེ་གཞུང་རང་ནས་སྔོན་ལ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་པས། བོད་ཀྱི་སྨན་རྩིས་ཁང་ནས་དོན་དག་མེད་པར་མི་མང་ལ་བརྡབ་གསིག་བཏང་བ་དང་། རིམས་སྲུང་རིལ་བུ་བཙོང་མཚམས་འཇོག་དགོས་པ་དང་། ཨམ་རྗེ་སྐལ་བཟང་དོན་ལྡན་ལགས་ནས་སྨན་སྦྱིན་གནང་གི་ཡོད་པ་དེའང་མཚམས་འཇོག་མ་བྱས་ན་འགྲིག་གི་མ་རེད་གསུངས་འདུག གཅིག་བྱས་ན་མི་ཞིག་གིས་སྤྱི་ཚོགས་དྲ་ལམ་ཐོག་ཁུ་རོ་ནཱ་གློ་བའི་འགོས་ནད་བཅོས་ཀྱི་ཡོད་པ་རེད་ཟེར་བའི་གནས་ཚུལ་ཞིག་སྤེལ་མེད་དམ་བསམ་གྱི་འདུག ང་ཚོ་བོད་ཀྱི་སྨན་རྩིས་ཁང་ནས་སྨན་གཞུང་ནང་ཡོད་པ་ལྟར་རིམས་སྲུང་རིལ་བུ་ཆགས་བསྡད་ཡོད། ད་ལྟ་རྒྱ་གར་བ་ངའི་སར་ཡོང་མ་སོང་མོད་འགྲེལ་བཤད་ཅིག་ཞུ་དགོས་བསམ་བསྡད་ཡོད། ཅེས་བརྗོད་བྱུང་།

ཡང་གསར་འགོད་པས་དེ་སྔོན་བོད་ཀྱི་སྨན་རྩིས་ཁང་ནས་རིམས་སྲུང་རིལ་བུ་བཙོང་སྐབས་རྒྱ་གར་ས་གནས་གཞུང་ནས་བཀོད་ཁྱབ་རིགས་བཏང་མྱོང་ཡོད་མེད་སྐོར་དྲིས་པར་ཁོང་གིས། ད་རེས་འདི་ཐོག་དང་པོ་རེད། ད་ལྟ་ཀང་རཱ་རྫོང་གི་ལས་བྱེད་ཁག་ཅིག་ཡར་སྒང་གི་སྨན་ཁང་དུ་ཕེབས་ནས་བཀོད་ཁྱབ་བཏང་བཞག་པ་རེད་མ་གཏོགས། ས་ཆ་གཞན་ལ་གང་ཡང་གསུང་གི་ཡོད་པ་མ་རེད། གཅིག་ནས་སྨན་སྤྲོད་ཀྱི་མེད། ཁ་ལ་ཟ་རྒྱུའི་སྨན་ཡིན་ན་ཁོ་ཚོའི་ལས་འགན་རེད། སྤྱིར་བཏང་མི་མང་གི་བདེ་རྩར་ལྟ་མཁན་དེས་མི་མང་གི་བདེ་རྩར་བརྡབ་གསིག་བཏང་སོང་ཞེས་བཤད་ཀྱི་འདུག འོན་ཀྱང་། སྨན་དེ་ཟ་རྒྱུ་ཞིག་མ་ཡིན་པར་སྐེ་ལ་འདོགས་རྒྱུ་ཞིག་རེད། གཟའ་ཉི་མའི་ཕྱི་དྲོར་མི་སེར་དཀྱུས་མའི་གྱོན་ཆས་གོན་ཏེ་ལྟ་ཞིབ་བྱེད་པར་ཡོང་ཡོད་པ་དང་། ཁོ་ཚོས་སྨན་རྩིས་ཁང་ནས་སྦྱར་ཡིག་ཐོག་ནས་རིམས་སྲུང་རིལ་བུ་བཙོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་དགོས་སྐོར་བཤད་འདུག་མོད། འོན་ཀྱང་། འོག་གི་སྨན་ཁང་དུ་ད་ལྟ་ཆར་ཡོང་མ་སོང་། ཨམ་རྗེ་སྐལ་བཟང་དོན་ལྡན་ལགས་ཀྱི་སྨན་ཁང་དུ་ཕྱིན་འདུག ཁ་སང་ནས་བཟུང་སྨན་ཁང་གཉིས་ནས་རིམས་སྲུང་རིལ་བུ་མཚམས་འཇོག་གི་གསལ་བསྒྲགས་སྤེལ་བ་ཡིན། ཞེས་བརྗོད་བྱུང་།

མངའ་སྡེ་གཞུང་ནས་ཁུ་རོ་ནཱ་འགོས་ནད་ཀྱི་སྐོར་ལ་སྔོན་འགོག་གི་སྨན་དང་གཞན་རིམས་སྲུང་རིལ་བུ་མ་ཡིན་པའི་ནད་འགོག་བདུད་རྩི་ཐིགས་པ་སོགས་སྨན་གཞན་བཀག་འགོག་བྱེད་ཀྱི་ཡོད་མེད་སྐོར་དྲིས་པར་ཁོང་གིས། བདུད་རྩི་ཐིགས་པའི་སྐོར་ལ་གང་ཡང་ཟེར་གྱི་མི་འདུག སྒང་གི་སྨན་ཁང་དུ་ཡོང་སྟེ་རིལ་བུ་ནག་པོ་མཚམས་འཇོག་དགོས་རེད་ལབ་པ་མ་གཏོགས་གཞན་གང་ཡང་བྱས་མ་སོང་། ཞེས་དང་། ཀང་རཱ་རྫོང་ནང་ནད་ཚ་དེ་བསླེབ་མེད་སྟབས། ཀང་རཱ་རྫོང་གི་སྨན་རིགས་རྟོག་ཞིབ་ལས་ཁུངས་ལ་སྔོན་འགོག་གི་སྨན་མེད་སྐོར་དང་། མི་ཞིག་གིས་གཞུང་ལ་གནས་ཚུལ་འདིའི་སྐོར་ཞུས་པ་དང་། མི་མང་བང་སྒྲིག་སྟེ་སྨན་ལེན་པར་ཡོང་བ་སོགས་གཞུང་གིས་སྨན་རྩིས་ཁང་ནས་མི་མང་ལ་སེམས་འཚབ་སློང་གི་ཡོད་སྐོར་བརྗོད་དེ་རིམས་སྲུང་རིལ་བུ་མཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་ཡོད་སྐོར་དང་།  གཞན་བོད་ཀྱི་སྨན་རྩིས་ཁང་དང་སྨན་པ་སྐལ་བཟང་དོན་ལྡན་ལགས་ཀྱི་སྨན་ཁང་གཉིས་མ་གཏོགས་ནོར་གླིང་དང་བཞུགས་སྒར་ཁུལ་གྱི་སྨན་ཁང་ཁག་ལ་བཀོད་ཁྱབ་དེ་བཏང་མེད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༡༨

Leave a Reply

3 thoughts on “ཀང་རཱ་རྫོང་ཁོངས་སུ་རིམས་སྲུང་རིལ་བུ་བཙོང་མི་ཆོག་པའི་བཀའ་ཁྱབ་བཏང་།

  1. སྨན་རྩིས་ཁང་གི་བྱེད་སྟངས་དེ་དང་པོ་ནས་ཅུང་ཁྱད་མཚར་དུ་མཐོང་སོང་། ཛ་དྲག་སྐབས་སུ་སྨན་སྦྱིན་གཏོང་རྒྱུ་བཞག་སྟེ་ཚོང་ལས་གཉེར་པ་ནི་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གྱི་ཚོགས་སྡེ་ཞིག་གི་བྱེད་སྟངས་མ་རེད། མཚམས་རེར་ལྔ་རེ་བཙོང་བ་དང་ལན་རེར་གཉིས་རེ་མ་གཏོགས་བཙོང་གི་མི་འདུག དེ་ཡང་བཙོང་མཁན་ཚོས་མཚམས་འཇོག་བསམ་ན་ད་རྫོགས་སོང་ཞེས་སྒམ་ཁ་བརྒྱབ་འགྲོ་གི་འདུག རྫོགས་ཡོད་མེད་མིག་གིས་མཐོང་ཡང་དེར་ཁ་རྩོད་བརྒྱབ་མེད། སྒེར་པ་ཚོས་སྨན་སྦྱིན་གཏོང་དུས་བོད་ཀྱི་སྨན་རྩིས་ཁང་ནས་བཙོང་རྒྱུའང་འདང་མིན་བྱེད་པ་ནི་ཐབས་སྐྱོ་བ་ལ་ཨང་།

  2. བཀྲ་སྒྲོལ་མ།

    སྨན་བཙོངམཆོག་ཟེར་བཀའ་ཁྱབ་བཏང་བ་ཅི་ལ་ཕན།དེ་ལས་ནད་ན་མི་ཆོག་ཡང་ན
    ནད་ཡམས་ཡོང་མི་ཆོག་བཀའ་གཏོང་ཐུབ་ན་ཡག་པོ་ཡོག་རེད།