སྦྲ་ཆེན་ནས་བོད་མི་ན་གཞོན་ཞིག་འཛིན་བཟུང་བྱས།

སྦྲ་ཆེན་ན་གཞོང་ལ་མེ་སྐྱོན་བཟོས་པའི་དོགས་གཞིའི་འོག་བོད་མི་ན་གཞོན་ཚེ་མིང་ཅན་ཞིག་འཛིན་བཟུང་བྱས་ཡོད་འདུགཁ་སང་ཕྱི་ཚེས་ ༡༨ ཉིན། རྔ་བ་ཁུལ་ཁྱུང་མཆུ་རྫོང་སྤྱི་དམངས་བདེ་འཇགས་སྲུང་སྐྱོབ་ཁང་ཟེར་བའི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ དང་ ༡༣ ཉིན་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རི་རྒན་ན་གཞོང་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་ལྟར།  སྦྲ་ཆེན་ཉེན་རྟོག་པས་སྦྲ་ཆེན་ནས་ཡིན་པའི་བོད་མི་ཚེ་མིང་ཅན་ཞིག་གིས། ཐ་མག་འཐེན་ནས་མེ་སྐྱོན་ཤོར་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཏེ། མུ་མཐུད་འདྲི་རྩད་བྱེད་བཞིན་ཡོད་འདུག

ས་གནས་ཀྱི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་བརྗོད་པ་ལྟར་ན། མེ་གསོད་ཐུབ་ཡོད་ནའང་ན་དམར་ནང་མེ་བསྐྱར་དུ་འབར་པའི་ཉེན་ཁ་ཡོད་པས་མུ་མཐུད་ལྟ་སྲུང་བྱེད་བཞིན་ཡོད་པ་དང་། ཚེ་མིང་ཅན་དེ་འཛིན་བཟུང་བྱས་ནས་དངུལ་གྱི་ཉེས་ཆད་ཆེན་པོ་བཅད་ཡོད་སྐོར་བརྗོད་ཀྱི་འདུག་ཀྱང་། མུ་མཐུད་བཀག་ཉར་འོག་ཡོད་མེད་ཤེས་རྟོགས་མེད་སྐོར་བརྗོད་བྱུང་།

དེ་འབྲེལ་གྱི་གཞུང་འབྲེལ་གནས་ཚུལ་ནང་། མེ་སྐྱོན་ཤོར་རྗེས་ཁྱུང་མཆུ་རྫོང་ཉེན་རྟོག་ཕྱོགས་ནས་ཛ་དྲག་ངང་མེ་སྐྱོན་གནས་ཚུལ་གོང་རིམ་ལ་སྙན་སེང་ཞུས་ཏེ། ཁྱུང་མཆུ་རྫོང་ཉེན་རྟོག་པ་དང་ནགས་ལས་ཁང་། ཉེས་དོན་ཉེན་རྟོག་པ་སོགས་མཉམ་འབྲེལ་ཐོག་ཉིན་མཚན་མཐུད་ནས་མེ་བསད་པ་དང་ཞིབ་བཤེར་བྱས་པ་བརྒྱུད། བོད་མི་ཚེ་མིང་ཅན་དེས་ཕྱི་ཚེས་ ༡༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡ ཙམ་སྟེང་། ཐ་མག་འཐེན་རྗེས་དུད་སྣེ་ལ་བདག་པོ་མ་བརྒྱབ་པར་གཡུགས་ནས་མེ་སྐྱོན་བྱུང་བྱུང་བའི་དོགས་གཞི་ཡོད་པར་བརྟེན། ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག

སྦྲ་ཆེན་ན་གཞོང་ལ་མེ་སྐྱོན་ཤོར་རྗེས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ། མེ་སྐྱོན་ཤོར་བ་དང་ཉེན་རྟོག་པ་དང་མི་མང་  ༤༠༠༠ ལྷག་འཛོམས་ནས་ཕྱི་ཚེས་ ༡༢ ཉིན་གྱི་དགུང་མོའི་ཆུ་ཚོད་༩།༥༠ སྟེང་མེ་བསད་ཡོད་སྐོར་དང་། རྒྱུ་ནོར་ལ་གྱོང་གུད་མེད་སྐོར་བསྒྲགས་པར་བོད་མི་མང་པོས་སྐྱོན་བརྗོད་བྱས་སོང་། འབྲོག་པའི་རྩྭ་སར་མེ་སྐྱོན་ཤོར་ན་རྒྱུ་ནོར་ལ་གྱོང་གུད་མེད་པ་ཟེར་ན་ག་རེ་ཡིན་པ་དང་། ཁ་དཔེར་མགོ་ནག་བརྟེན་ས་སྤུ་ནག་དང་། སྤུ་ནག་བརྟེན་ས་རྩྭ་ས་ཟེར་བ་མ་ཡིན་ནམ་ཞེས་སྲིད་གཞུང་གིས་སྐྱོན་གནས་སྦེད་གསང་བྱས་པར་ཐེར་འདོན་དང་། སྲིད་གཞུང་གིས་ཀྱང་གནས་ཚུལ་རྫུན་མ་བསྒྲགས་ཏེ་མགོ་སྐོར་གཏོང་གི་ཡོད་པས། འགོས་ནད་སྐོར་གྱི་གཞུང་ཕྱོགས་གསར་འགྱུར་དག་ཀྱང་དེ་བཞིན་ཡིད་ཆེས་བྱ་ཁག་པས། ཀུན་གྱིས་དོགས་ཟོན་དགོས་སྐོར་སོགས་ཀྱི་བསམ་ཚུལ་སྤེལ་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༡༩

Leave a Reply

One thought on “སྦྲ་ཆེན་ནས་བོད་མི་ན་གཞོན་ཞིག་འཛིན་བཟུང་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས།

    རྒྱ་མིའི་བོད་ཡུལ་གྱི་སྣོད་བཅུད་ཡོངས་རྫོགས་རྩ་མེད་བཟོས་པར་ཞིབ་འཇུག་མེད་པར་བོད་མིའི་ཐ་མག་འཐེན་རོ་ས་ལ་ལྷུང་པར་མ་ཉེས་ཁག་དཀྲི་བྱེད་པ་ནི་དབང་ཆེན་དབང་མེད་རང་རེད།