ཨ་རིས་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ ༥ ལ་དོགས་ཟོན་བྱེད་ཀྱི་འདུག

ཨ་རིའི་གཞུང་ནས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཤིན་ཧྭ་དང་རྒྱལ་སྤྱིའི་རླུང་འཕྲིན་ཁང་ཟེར་བ་སོགས་ཀྱིས་ཆབ་སྲིད་དྲིལ་བསྒྲགས་བྱེད་ཀྱི་ཡོད་པར་དོགས་ཟོན་དགོས་པའི་ཐག་གཅོད་གནང་འདུག རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་སྲིད་འཛིན་ཊོམ་ཕུ་གཞུང་གིས། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ ༥ ཡིས་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིན་གྱི་ཆབ་སྲིད་དྲིལ་བསྒྲགས་བྱས་ཏེ་ཕྱི་སྲིད་ལས་དོན་འགྲུབ་ཐབས་བྱེད་བཞིན་ཡོད་པའི་ངོས་འཛིན་འོག ཨ་རིའི་ནང་གསར་ཁང་དེ་དག་གི་གསར་འགྱུར་ལ་བཀག་སྡོམ་བྱེད་རྒྱུ་མིན་ཡང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་དེ་དག་ནང་ཨ་རིའི་མི་སེར་ལས་མི་མང་དུ་འགྲོ་བཞིན་པ་གཙོ་བོར་གྱུར་བའི་གསར་ཁང་གི་ལས་མི་ཚང་མའི་མིང་ཐོ་དང་རྒྱུ་དངོས་སོགས་ཀྱི་གནས་སྟངས་སྐོར་ཨ་རིའི་གཞུང་ལ་ཐོ་འགོད་བྱེད་དགོས་སྐོར་བརྗོད་འདུག

ཨ་རིའི་གཞུང་གི་འབྲེལ་ཡོད་ལས་བྱེད་གཉིས་ཀྱིས། ཐེངས་འདིའི་ཨ་རིའི་ཐག་གཅོད་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་སོ་སོའི་གསར་ཁང་ཁག་ལ་སྟངས་འཛིན་དང་དམ་དྲག་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གསར་ཁང་དེ་དག་བེད་སྤྱོད་བྱས་ཏེ་པེ་ཅིན་གཞུང་ལ་དགའ་ཞེན་གྱི་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བཞིན་ཡོད་པས་ཐག་གཅོད་དེ་བླངས་པ་ཡིན་སྐོར་བརྗོད་འདུག

ཨ་རིའི་དོགས་གཟོན་བྱེད་བཞིན་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ ༥ ནི་ཞིན་ཧྭ་གསར་ཁང་(Xinhua News Agency)དང་། རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་གསར་ཁང་(China Radio International)། དེ་བཞིན། རྒྱ་ནག་ཉིན་རེའི་གསར་འགྱུར་འགོད་འགྲེམས་མཉམ་ལས་ཁང་(China Daily Distribution Corp)། རྒྱ་ནག་གོ་ལའི་བརྙན་འཕྲིན་གསར་ཁང་(China Global Television Network)དང་། ཧེ་ཏན་གསར་ཁང་(Hai Tian Development USA)བཅས་ཡིན་འདུག

ཡང་ཨ་རིའི་གཞུང་གི་འབྲེལ་ཡོད་ལས་བྱེད་ཅིག་གིས། ཞི་ཅིན་ཕིན་གྱི་ལས་ཡུན་རིང་གསར་འགྱུར་གྱི་ནང་དོན་དང་རྩོམ་སྒྲིག་གཉིས་ལ་དམ་དྲག་ཤུགས་ཆེན་བྱས་ཡོད་པ་དང་། དོན་དངོས་ཐོག་མི་དེ་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ལག་ཆ་ཆགས་བསྡད་ཡོད། ཅེས་བརྗོད་ཡོད་པ་རེད། ཐེངས་འདིའི་ཨ་རིའི་གཞུང་གི་སྒྲིག་ཁྲིམས་དེས་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་དག་ནས་ཨ་རིའི་ནང་གི་རྒྱུ་དངོས་མཚོན་པའི་ས་ཆ་ཧམ་བཟུང་དང་ལས་མི་བསྡུ་བ། དེ་བཞིན། ལས་མི་ཕྱིར་འཕུད་གཏོང་བ་སོགས་ཀྱི་གནས་ཚུལ་ཆ་ཚང་ཨ་རིའི་གཞུང་ལ་སྤྲོད་དགོས་ཀྱི་ཡོད་པ་མ་ཟད། ད་ནས་བཟུང་ཁོ་ཚོས་ཨ་རིའི་ནང་ས་ཆ་གསར་ཉོ་བྱེད་པར་ཨ་རིའི་གཞུང་གི་ཆོག་མཆན་མ་འཐོབ་ཚེ་ཉོ་ཆོག་གི་མེད་པ་རེད།

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་རྒྱ་ནག་གིས་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་འཛུགས་ཀྱི་སྒྲིག་ལམ་ལས་བརྒལ་ཏེ་འདྲ་མཉམ་མིན་པའི་ཚོང་རྒྱག་གི་ཡོད་པའི་སྐྱོན་བརྗོད་འོག ཨ་རིས་རྒྱ་ནག་གི་དངོས་ཟོག་ཐོག་དཔྱ་ཁྲལ་སྤར་བར་རྒྱ་ནག་ཕྱོགས་ནས་ཀྱང་རྒོལ་ལན་གཅིག་མཚུངས་སློག་གི་ཡོད་པ་དང་། ད་རེས་ཀྱང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡོད་པའི་ནུབ་ཕྱོགས་པའི་གསར་ཁང་ཁག་ལ་འཁོན་ལན་སློག་སྲིད་པའི་སེམས་འཚབ་ཡོང་གི་ཡོད་ཀྱང་། ཨ་རིའི་གཞུང་འབྲེལ་མི་སྣ་དང་ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས། རྒྱ་ནག་ནང་ནུབ་ཕྱོགས་ཀྱི་གསར་ཁང་ཁག་ལ་དམ་དྲག་སྔོན་མ་ནས་བྱེད་བཞིན་ཡོད་པའི་གནས་སྟངས་སྐོར་རྗོད་བཞིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༡༩

Leave a Reply