བལ་ཡུལ་གྱི་གསར་འགྱུར་རྩོམ་སྒྲིག་པ་ ༡༧ གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས། 

རྒྱ་ནག་གཞུང་ཚབ་ཀྱིས་བལ་ཡུལ་གསར་འགོད་པ་ཚོར་རྒྱ་ནག་གིས་བལ་ཡུལ་གསོ་སྐྱོང་བྱེད་བཞིན་ཡོད་པས་གསོ་སྐྱོང་བྱེད་མཁན་གྱི་ལག་པར་སོ་རྒྱག་མི་ཆོག་པའི་ཉེན་བརྡ་གཏོང་གི་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༩ ཉིན་བལ་ཡུལ་གྱི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༡༨ ཉིན་བལ་ཡུལ་གྱི་ཆ་འཕྲིན་ཕོ་ཉ་གསར་ཁང་ནས་གཞན་གྱིས་བྲིས་པའི་རྒྱ་ནག་གི་ཏོག་དབྱིབས་ནད་དུག་སྐོར་གྱི་བསམ་ཚུལ་རྩོམ་ཡིག་ཅིག་སྤེལ་བར། བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གིས་གསར་ཁང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཱ་ཧྥི་ལི་(Anup Kaphle)ཡི་མིང་ཐེར་འདོན་གྱིས་གསར་ཁང་དང་མི་སྒེར་ལ་སྐྱོན་བརྗོད་དང་འཇིགས་སྐུལ་བྱས་པར་བརྟེན། བལ་ཡུལ་གྱི་གསར་ཁང་ཁག་གི་རྩོམ་སྒྲིག་པ་ ༡༧ གྱིས་རྒྱ་ནག་གཞུང་ཚབ་ཁང་ལ་ཐུན་མོང་ཐོག་སྐྱོན་བརྗོད་ཡི་གེ་ཞིག་བྲིས་ཏེ། བལ་ཡུལ་ནི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས། རྒྱ་ནག་གཞུང་གིས་མི་སྒེར་གྱི་མིང་ཐེར་འདོན་དང་འཇིགས་སྐུལ་སོགས་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་འདུག

རྩོམ་སྒྲིག་པ་དག་གི་སྐྱོན་བརྗོད་ཡི་གེའི་ནང་། ང་ཚོས་གསར་ཁང་ཞིག་གི་དྲ་ཚིགས་སྟེང་བཀོད་པའི་རྩོམ་ཡིག་ལ་མི་སྒེར་དང་ཚོགས་པ་སྒྲིག་འཛུགས་ཀྱིས་མོས་མཐུན་མ་བྱས་པར། དེ་ལ་སྐྱོན་བརྗོད་དང་ངོ་རྒོལ་ཡོད་པའི་བསམ་ཚུལ་འདོན་ཆོག་པའི་ཐོབ་ཐང་ལ་བརྩི་བཀུར་ཞུ་བཞིན་ཡོད། འོན་ཀྱང་། རྩོམ་སྒྲིག་པ་གང་ཞིག་གི་མིང་ཐེར་འདོན་གྱིས་དྲང་བདེན་མིན་པ་དང་འཇིགས་སྐུལ་སོགས་གྱི་བྱ་སྤྱོད་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་དང་།  ཡང་ཡི་གེ་དེའི་ནང་གསར་འགོད་པ་ཚོས་བལ་ཡུལ་གྱི་བཅའ་ཁྲིམས་གཞིར་བཟུང་། བལ་ཡུལ་ནང་གསར་འགོད་རང་དབང་ཆ་ཚང་ཡོད་པ་དང་། རྩོམ་སྒྲིག་པ་དག་གིས་ཀྱང་བལ་ཡུལ་བཅའ་ཁྲིམས་ནང་གསལ་བ་ལྟར། གསར་འགོད་རང་དབང་ཆ་ཚང་བེད་སྤྱོད་བྱ་རྒྱུ་དང་གསར་འགོད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་ཡིན། ཞེས་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་ཚབ་ཁང་གི་བྱ་སྤྱོད་དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་རྡོག་རོལ་བཏང་བ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

གནད་དོན་དེ་དང་འབྲེལ། དེ་རིང་བལ་ཡུལ་ཆ་འཕྲིན་ཕོ་ཉའི་སྤྱི་ཁྱབ་རྩོམ་སྒྲིག་པས་རྒྱ་ནག་གཞུང་ཚབ་ལ་བརྡ་ལན་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། རྒྱ་ནག་ནི་བལ་ཡུལ་གྱི་དུས་ཡུན་རིང་པོའི་གྲོགས་པོ་ཞིག་དང་བལ་ཡུལ་གཞུང་ལ་ཐབས་ལམ་འདྲ་མིན་ཐོག་ནས་རོགས་རམ་བྱས་ཏེ། བལ་ཡུལ་གྱི་ཆབ་སྲིད་ལ་ཁྱད་གསོད་གཏོང་མི་རུང་བའི་རྒྱབ་སྐྱོར་བྱེད་བཞིན་ཡོད་སྟབས། བལ་ཡུལ་གྱི་མི་མང་པོས་རྒྱ་ནག་ཡག་པོ་མཐོང་གི་ཡོད། འོན་ཀྱང་། འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་གི་རོགས་སྐྱོར་དང་ལྷན་དུ་རྒྱ་ནག་གི་ཤུགས་རྐྱེན་ཡོང་གི་ཡོད་པ་ར་སྤྲོད་བྱུང་ཡོད། བལ་ཡུལ་གྱིས་རྒྱ་ནག་གི་རོགས་སྐྱོར་ལེན་གྱི་ཡོད་ཀྱང་། བལ་ཡུལ་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པས་རྒྱ་ནག་གི་ཆབ་སྲིད་བསླུ་བྲུད་ལ་དོགས་གཟབ་བྱེད་དགོས་ཡོད། ཅེས་བརྗོད་འདུག

བལ་ཡུལ་ཆ་འཕྲིན་ཕོ་ཉའི་དྲ་ཚིགས་སྟེང་སྤེལ་བའི་རྒྱ་ནག་གི་འགོས་ནད་སྐོར་གྱི་བསམ་ཚུལ་རྩོམ་ཡིག་དེ་ནི། ནུབ་རྒྱ་མཚོ་ཆེན་མོའི་གྲོས་ཆིངས་སྒྲིག་འཛུགས་(NATO)ཀྱི་ཨ་རིའི་གཞུང་ཚབ་མི་སྣ་ཟུར་བ་སྐུ་ཞབས་ཨི་ཝོ་ཌལ་ཌར་ (Ivo Daalder)ལགས་ཀྱིས་བརྩམས་ཤིང་། རྩོམ་ཡིག་དེའི་ཁ་བྱང་ལ་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གསང་བ་བྱེད་བཞིན་པ་དེས་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཇེ་སྡུག་ཏུ་བཏང་ཡོད་ཅེས་པ་དེ་ཡིན་པ་དང་། རྩོམ་ཡིག་ནང་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་མའོ་ཙེ་ཏུང་གིས་ཁ་རས་ཤིག་གྱོན་ཏེ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཛ་དྲག་འོག་ལྷུང་ཡོད་པ་བསྟན་ཡོད་འདུག་ལ། རྩོམ་ཡིག་དེ་ཐོག་མར་ལྷོ་ཀོ་རི་ཡའི་དབྱིན་ཡིག་གསར་ཁང་ (The Korea Herald)གིས་སྤེལ་རྗེས། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲ་ལམ་སོགས་སུ་ཤུགས་ཆེར་ཁྱབ་ཡོད་པ་རེད།

ཆ་འཕྲིན་ཉོ་ཉའི་རྩོམ་སྒྲིག་པའི་རྩོམ་ཡིག་ནང་། རྒྱ་ནག་གཞུང་ཚབ་ཀྱི་སྐྱོན་བརྗོད་དེ་ཆ་འཕྲིན་ཕོ་ཉ་གསར་ཁང་དང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པར་སྐྱོན་བྱས་པ་ཙམ་མ་ཡིན་པར། བལ་ཡུལ་ནི་རྒྱ་ནག་གིས་གསོ་སྐྱོང་བྱེད་བཞིན་ཡོད་པས་གསོ་སྐྱོང་བྱེད་མཁན་གྱི་ལག་པར་སོ་རྒྱག་མི་ཆོག་པའི་ཉེན་བརྡའི་ཚུལ་ཡིན་ཚུལ་བརྗོད་ཡོད་པ་དང་།  ཡང་བལ་ཡུལ་གྱི་གསར་འགྱུར་རྩོམ་སྒྲིག་པ་ཚོས་རྒྱ་ནག་གཞུང་ཚབ་ཀྱི་བྱ་སྦྱོད་དེས་བལ་ཡུལ་གྱིས་བལ་ཡུལ་ལ་བཟུང་བའི་རིན་ཐང་ཁག་ལ་ཚོད་ལྟ་བྱེད་བཞིན་ཡོད་པ་ད་ང། གལ་སྲིད་བལ་ཡུལ་ལ་མངའ་ཁོངས་བདག་སྐྱོང་གི་ཐོབ་ཐང་དང་རིན་ཐང་དེ་དག་དགོས་ཀྱི་ཡོད་ཚེ། སྟོབས་ཤུགས་ཅན་གྱི་ཕྱིའི་རྒྱལ་ཁབ་གང་ཞིག་ཡིན་རུང་། བལ་ཡུལ་གྱིས་སོ་སོའི་རིན་ཐང་སྲུང་སྐྱོབ་བྱེད་དགོས་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡ ནས་ ༡༡ བར་གྱི་སྙན་ཐོ་ལྟར་ན། བལ་ཡུལ་ནང་ཕྱི་ལོ་ ༢༠༡༩ ལོའི་ ༡༡ རིང་རྒྱ་རིགས་ཡུལ་སྐོར་བ་ཁྱོན་ ༡༣༤༢༨༡ ཡོང་ཡོད་པ་དང་། དེ་ནི་བལ་ཡུལ་ནང་གི་ཕྱི་མི་ཡུལ་སྐོར་བའི་གྲངས་འབོར་གྱི་བརྒྱ་ཆ་ ༡༤ ཟིན་གྱི་ཡོད་པ་དང་། འཛམ་གླིང་ནང་རྒྱ་གར་ཁྲོད་བལ་ཡུལ་ནང་ཡུལ་སྐོར་དུ་ཡོང་མཁན་མང་ཤོས་རྒྱ་ནག་ཆགས་ཡོད་པ་རེད་ལ། རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེ་དང་རྒྱ་སྐྱེད་གཏོང་གི་ཡོད་པའི་སྐབས་དང་བསྟུན། བལ་ཡུལ་ནང་རྒྱ་ནག་གི་ཤུགས་རྐྱེན་ཧ་ཅང་ཆེ་བ་ཡོད་པ་དང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག འདས་ལོའི་ཕྱི་ཟླ་ ༤ ནང་བལ་ཡུལ་གསར་འགོད་པ་གསུམ་གྱིས་༧གོང་ས་མཆོག་གི་སྐུའི་སྙུང་གཞི་དྲག་སྐྱེད་བྱུང་སྐོར་གྱི་གནས་ཚུལ་སྤེལ་བར་བལ་གཞུང་གིས་འདྲི་གཅོད་བྱས་རྗེས་ལས་གནས་ནས་ཕྱིར་འཕུད་བཏང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༢༠

Leave a Reply

2 thoughts on “བལ་ཡུལ་གྱི་གསར་འགྱུར་རྩོམ་སྒྲིག་པ་ ༡༧ གྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས། 

  1. TTV Tibet TV, Tibet Times དུས་བབ། RFA radio free Asia Tibetan Service བཅས་ ཅོ་བློ་བཟང་སེང་གེའི་སར་ཁང་ཡིན་བཟོ་འདུག་ག བོད་ཀྱི་དུས་བབ་མིན་པ་བྱེད། བློ་སེང་དུས་བབ། Loseng TV 😂 😂 😂 😅

  2. གཞུང་པ་ཚེ་དབང་བསོད་ནམས།

    ནེ་པལ་དང་རྒྱ་ནག་གཉིས་ཁྱི་སྤྱང་ལག་སྦྲེལ་ལ་སོང་གནས་ཚུལ་འདི་རིགས་ལ་ང་ཚོ་བོད་མི་ཚོ་དུས་ནམ་ཡང་མགོ་འཁོར་མི་ཉན་ནོ།