ལོ་གསར་པའི་ནང་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་དགོས་པའི་འབོད་སྐུལ་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་ལོ་གསར་ལ་འཚམས་འདྲི་གནང་།

དེ་རིང་ཕྱི་ཚེས་ ༢༡ ཉིན། བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོ་དང་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་ལོ་གསར་ཚེས་ལ་ཉེ་བ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་པའི་ནང་བྱ་བ་གང་ཞིག་བརྩམ་ཡང་ལམ་ལྷོངས་ཡོང་བ་དང་། སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་གནང་བ་དང་འབྲེལ། སྲིད་སྐྱོང་མཆོག་གིས་ལོ་གསར་པའི་ནང་བོད་མི་ཚང་མས་བཀའ་དྲིན་རྗེས་དྲན་དུ་༸གོང་ས་རྒྱལ་བ་རིན་པོ་ཆེའི་སྐུའི་རླབས་ཆེན་གྱི་མཛད་ཁུར་མཐའ་ཡས་པ་ལས་གཙོ་བོ་བཞི་གང་ཡིན་པ་དེ་དག་མཁྱེན་དགོས་པ་དང་། བཀའ་དགོངས་གཞིར་བཟུང་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་ལོ་གསར་གྱི་འཚམས་འདྲིའི་ནང་། བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ། ལོ་འདིའི་ནང་བྱ་བ་གང་ཞིག་བརྩམ་ཡང་ལམ་ལྷོངས་ཡོང་བ་དང་སྐུ་ཁམས་གསལ་ཐང་ཡོང་བའི་སྨོན་འདུན་དང་། ལྷག་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཏེ་བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།ཞེས་གསུངས་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་འཚམས་འདྲིའི་ནང་། བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ལ་མཛའ་ཞིང་བརྩེ་བའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་རྙིང་པ་རྫོགས་ནས་ལོ་གསར་པ་འཆར་ཡོང་གི་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མས་རང་དོན་ཁོ་ན་མ་ཡིན་པར་གཞན་དོན་བྱ་བ་འབའ་ཞིག་གི་ཐོག་ལ་ལོ་འདིའི་འཁོར་མོ་བསྐྱལ་ཐུབ་པ་ཞིག་དང་། མི་ཚེ་དོན་དང་ལྡན་པ་ཡོང་བ། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བདེན་མཐའ་གསལ་ཐབས་ཆེད་དུ་རང་གི་འགན་དེ་རང་གིས་འཁྱེར་ཐུབ་པའི་ཐོག འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་རྒྱུའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད།ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འཚམས་འདྲིའི་གསུང་བཤད་ནང་། བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་གཞིས་བྱེས་བོད་མི་ཡོངས་ལ་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་སྐུ་ཁམས་བཟང་ཞིང་བྱ་བ་ལམ་ལྷོངས་ཡོང་བ། བསམ་དོན་ལྷུན་གྱིས་འགྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།ཞེས་དང་། ད་རེས་ལོ་གསར་སྐབས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགུང་སྐེག་དངོས་གཞི་རྫོགས་འགྲོ་ཡི་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༥ ལ་ཕེབས་ཀྱི་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་གལ་ཆེན་པོར་བརྩིས་ཏེ་ལོ་འདི་ཉིད་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན། ཚང་མས་བཀའ་དྲིན་རྗེས་དྲན་དུ་༸རྒྱལ་བ་རིན་པོ་ཆེའི་སྐུའི་རླབས་ཆེན་གྱི་མཛད་ཁུར་མཐའ་ཡས་པ་ལས་གཙོ་བོ་བཞི་གང་ཡིན་པ་དེ་དག་མཁྱེན་དགོས་པ་དང་། བཀའ་དགོངས་གཞིར་བཟུང་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་འདུག

ཡང་ཁོང་གིས། དེང་སྐབས་བོད་ནང་ཏོག་དབྱིབས་ནད་དུག་ཁྱབ་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་ཀྱང་སེམས་འཚབ་ཧ་ཅང་བྱེད་ཀྱི་ཡོད། ལོ་གསར་སྐབས་བོད་ནང་ནམ་རྒྱུན་ནང་བཞིན་མི་ཚོགས་མང་པོ་འདུ་འཛོམས་དང་སྤྲོ་སྐྱིད་ཆེན་པོ་རིགས་གཏང་རྒྱུ་ཧ་ཅང་ཁག་པོ་རེད།  འོན་ཀྱང་བོད་ནང་ཏོག་དབྱིབས་ནད་དུག་གང་མགྱོགས་མེད་པར་གྱུར་ཅིག་ཅེས་སྨོན་འདུན་ཞུ་རྒྱུ་དང་། ཚང་མས་ལོ་གསར་སྐབས་སྤྲོ་བོ་གནང་རོགས། ལྷག་པར་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་སྨོན་འདུན་དང་འབད་བརྩོན་གནང་རོགས་ཞུ་རྒྱུ་དང་། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་ཅིང་གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་འགྲུབ་པར་ཤོག་ཅེས་སྨོན་འདུན་ཞུ་བ་དང་སྦྲགས། སླར་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ཞེས་གསུངས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༢༡

Leave a Reply

3 thoughts on “ལོ་གསར་པའི་ནང་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་དགོས་པའི་འབོད་སྐུལ་གནང་།

  1. བཀྲ་སྒྲོལ་མ།

    མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་།ད་དུང་མི་ནག་པོ་ལ་ཁྲིམས་ཀྱིས་ཐོག་ནས་རྒྱལ་ཁ་ཐོབ།
    རྡོག་རྩ་ཅིག་སྒྲིལ་ཕར་རོལ་སྤང་རྒྱན་རེད།ད་དུང་བོད་མི་རྣམས་ལ་རེ་སྐུལ་ཞུ་རྒྱུ།གལ་ཏེ་ཁྲིམས་གཏུགས་ཞུ་དགོས་བྱུང་ཚེ།
    རང་དབང་ཡོད་མཁན་གྱི་རྒྱལ་ཁབ་ཀྱི་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་ན་ཡག་ལེ་རེད་ཟེར་ཚིག་ཐག་མཆོག་པོ་ཐོག་ལ་ཞུ་ཡ་ཡིན།།

  2. བསོད་ནམས་རྒྱལ་མཚན།

    ལོ་གསར་པའི་ནང་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་དགོས་པའི་འབོད་སྐུལ་གནང་། 😂 😂 😂 😅 བློ་བཟང་སེང་གེ་དང་ སྤེན་པ་ཚེ་རིང་གཉིས་ རྡོག་རྩ་གཅིག་སྒྲིལ་རེད་པས་ ? ཁ་མཆུ་ཨང་ ༢༠ པ་དེ་ རྡོག་རྩ་གཅིག་སྒྲིལ་ ཐོག་ནས་བྱུང་བ་རེད་པས་ ? བཙན་འབྱོལ་བོད་མི་ཁྲིམ་ཁང་ལ་མཐོང་ཆུང་བྱེད་པ་དེ་ རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་རེད་པས་ ? ཁྲིམས་ཁང་ལ་དགོངས་གསོལ་ལས་ལྷ་པོ་གཅིག་ཞུས་མ་སོང་བ་ རྡོག་རྩ་གཅིག་སྒྲིལ་མཚོན་པ་རེད་པས་ ? སུམ་བཅུ་དུས་དྲན་སྐབས་བོད་མི་ཚང་མ་མྱ་ངན་གྱི་ཉིན་མོ་རེད། སྒེར་གྱི་ན་ཚ་བཤད་ཡ་དེ་ རྡོག་རྩ་གཅིག་སྒྲིལ་ ? What a Joking 🙃 🖕Fuck you 😂 😂 😂 😅 ལོ་གསར་ བཀྲ་ཤིས་བདེ་ལེགས།

  3. ༡ སྲིད་སྐྱོང་མཆོག །
    ༢ སྤྱི་འཐུས་ཚོགས་གཙོ་མཆོག །
    ༣ ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་མཆོག །
    ཁྱེད་རྣམས་ཀྱི་ལས་དོན་ལྷུན་འགྲུབ་དང་། བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ་བ་དང་། གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ། བོད་རྒྱལ་ལོ།།