མཆོད་མེ་གཅིག་སྟོང་བསྒྲོན་ནས་ཀུ་ཤུ་བཟོ་ཚོང་ཁང་ལ་ངོ་རྒོལ་བྱས།

ཀུ་ཤུའི་མ་རྐང་འཛུགས་མཁན་ཚོས་རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་མི་ཚང་མའི་དྲ་རྒྱའི་རང་དབང་རྡོག་རོལ་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ སྟེང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པས་མཆོད་མེ་ ༡༠༠༠ བསྒྲོན་ནས། མཆོད་མེ་རེ་རེ་ཡིས་ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་ཁང་གི་མ་རྐང་འཇོག་མཁན་རེ་རེར། ཀུ་ཤུ་བཟོ་ཚོང་ཁང་ནས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་བོད་དང་ཡུ་གུར། དེ་བཞིན། རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་མི་ཚང་མའི་དྲ་རྒྱའི་རང་དབང་སོགས་རྡོག་རོལ་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་སོང་།

སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། ང་ཚོ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་མང་གཙོ་དོན་གཉེར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་མཉམ་འབྲེལ་གྱིས། དེ་རིང་ང་ཚོས་མཆོད་མེ་གཅིག་སྟོང་སྤར་ནས་ཀུ་ཤུ་རྟགས་ཅན་བཟོ་ཚོང་ཁང་ལ་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་གྱི་ཡོད། མཆོད་མེ་གཅིག་སྟོང་མེར་སྤར་དོན་ནི་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་ཁང་གི་མ་རྐང་འཛུགས་མཁན་གྱི་ཚོང་འབྲེལ་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་པ་དང་། དེ་སྔོན་ཀུ་ཤུ་རྟགས་ཅན་ལབ་དུས་མི་མང་པོ་ཞིག་གིས་དྲ་རྒྱའི་བདེ་འཇགས་བརྟན་ཤོས་དང་ཡག་ཤོས་ཤིག་ལ་ངོས་འཛིན་བཞིན་ཡོད་ན་ཡང་། ད་ལྟའི་ཆར་བཟོ་ཚོང་ཁང་དེས་རྒྱ་ནག་ནང་རྒྱ་གཞུང་ལ་ག་རེ་དགོས་པ་དང་རྒྱ་ནག་གི་བཀོད་འདོམས་ལྟར་དམར་ཤོག་གཞུང་དང་མཐུན་པའི་ཁྲིམས་ཡིག་ལག་བསྟར་གྱིས་རྒྱ་ནག་དང་ལྷན་དུ་མཉམ་ལས་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་མོས་མུ་མཐུད་ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་དང་མཐུན་པའི་ལས་ཀ་བྱེད་བཞིན་པ་དེས་ཉེན་ཁ་ཆེ་ཤོས་ཤིག་ནི། རྒྱ་ནག་གཞུང་དང་བསྟུན་མཁས་ཀྱིས་རྒྱ་ནག་ནང་ཀུ་ཤུ་ཁ་པར་དང་གློག་ཀླད་ཀྱི་དྲ་ཐག་རིགས་ ༡༠༠༠ བཀག་སྡོམ་བྱས་ཏེ། མི་མང་ལ་དྲ་རྒྱའི་རང་དབང་བཀག་འགོག་བྱས་ཡོད་པ་དང་། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་བོད་ནང་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པ་དང་མང་གཙོའི་དོན་གཉེར་བ་སོགས་ཀྱི་བདེ་འཇགས་ལ་གནོད་ཆེན་པོ་སྐྱེལ་གྱི་ཡོད་པ་རེད། དེར་བརྟེན། ཀུ་ཤུའི་མ་རྐང་འཛུགས་མཁན་གྱི་ཚོགས་འདུ་འཚོག་སྐབས། མཆོད་མེ་རེ་རེ་ཡིས་མུན་པ་སེལ་གྱི་ཡོད་པ་ལྟར། རྒྱ་ནག་གིས་བོད་དང་ཤིན་ཅང་། ཧོང་ཀོང་། དེ་བཞིན། ཐའེ་ཝན་དང་ནང་སོག་སོགས་ཀྱི་མི་མང་ལ་བཙན་གནོན་གཏོང་གི་ཡོད་པའི་དཀའ་ངལ་མཁྱེན་པའི་ཐོག རྒྱའི་བཙན་གནོན་འོག་གི་མི་མང་ལ་རྒྱབ་སྐྱོར་བྱེད་རོགས་གནང་ཞེས་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་སོང་།

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སྤྱིར་ཀུ་ཤུ་རྟགས་ཅན་བཟོ་ཚོང་ཁང་གིས་འཛམ་གླིང་གི་མི་གྲངས་མང་པོ་ཞིག་ལ་དྲ་རྒྱ་སྤྱོད་པའི་མཐུན་རྐྱེན་སྤྲོད་ཀྱི་ཡོད་ལ། མི་སྒེར་གྱི་གནས་ཚུལ་དང་དྲ་བའི་བདེ་སྲུང་ཐད་ཞབས་འདེགས་རླབས་ཆེན་སྒྲུབ་ཀྱི་ཡོད་ནའང་། རྒྱ་ནག་ནང་ཀུ་ཤུས་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་གཞུང་ལ་རྒྱབ་སྐྱོར་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད། ཅེས་དང་། རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་དྲག་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲངས་ལས་འདས་པ་བཙོན་འཇུག་བྱེད་པ་དང་། ཧོང་ཀོང་གི་ཞི་རྒོལ་ལས་འགུལ་ཐོག་དྲག་གནོན་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱས་པ། དེ་བཞིན་ཡུ་གུར་མི་རིགས་གྲངས་ས་ཡ་གཅིག་ལྷག་འཛིན་བཟུང་བཀག་ཉར་བྱས་པ་དང་བོད་ནང་ཆབ་སྲིད་ཀྱི་དྲག་གནོན་ལས་འགུལ་ཤུགས་ཆེན་སྤེལ་གྱི་ཡོད་སྐོར་སོགས་བརྗོད་འདུག

བསྒྲགས་གཏམ་དེའི་མཇུག་ཏུ།  རྒྱ་ནག་གཞུང་གིས་མི་མང་གི་གནས་ཚུལ་ཤེས་རྟོགས་དང་བརྡ་འཕྲིན་བདེ་འཇགས། དེ་བཞིན་སྨྲ་བརྗོད་རང་དབང་བཅས་ལ་བཀག་འགོག་བྱེད་བཞིན་པར་ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་ཁང་གིས་རྒྱབ་སྐྱོར་མཚམས་འཇོག་བྱེད་དགོས་པ་མ་ཟད། ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་ཁང་གིས་ས་གནས་གང་དུའང་འགྲོ་བ་མིའི་རིན་ཐང་ཁག་ལ་བརྩི་མཐོང་སྤྲོད་དགོས་པ་དང་། རང་དབང་གི་གཞི་རྩའི་ཐོབ་ཐང་ཁག་ལ་བརྩི་བཀུར་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༢༡

Leave a Reply

3 thoughts on “མཆོད་མེ་གཅིག་སྟོང་བསྒྲོན་ནས་ཀུ་ཤུ་བཟོ་ཚོང་ཁང་ལ་ངོ་རྒོལ་བྱས།

  1. ཆོ་མེད་གཅིག་སྟོང་བསྒྲོན་ནས་ཀུ་ཤུ་བཟོ་ཚོང་ཁང་ལ་ངོ་རྒོལ་བྱས། 😂 😂 😂 😅 ཉིན་མཚན་ལྟོས་མེད་ཀུ་ཤུ་ཁ་པར་གྱར་ནས་མ་སྡད་པར་ ས་ལ་རྡབ། What a Joking 🙃 What a drama !

  2. ཚེ་བརྟན་འགྱུར་མེད།

    བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགྲོ་བ་མིའི་དཀའ་སྡུག་ལ་སེམས་འཚོར་གྱིས་ལས་འགུལ་སྤེལ་བར་རྗེས་སུ་ཡིད་རང་ཡོད། ཐུགས་རྗེ་ཆ་ལཌ

    དེ་ནས། དེང་སང་གསར་ཤོག་འགའ་ཤས་ནང་དབྱིན་ཇིའི་མིང་མང་པོ་བོད་སྐད་དུ་དོན་བསྒྱུར་ཞུ་སྲོལ་འདུག དཔེ་ན། apple མིང་ཅན་ལ་ཀུ་ཤུ་དང། Queen’s Library ལ་རྒྱལ་མོའི་དཔེ་མཛོད་ཁང་སོགས་ལྟ་བུ་ཡིན། སྐད་གྲགས་ཅན་གྱི་མིང་ apple འམ་ཀུ་ཤུ་ལྟ་བུ་ཧ་གོ་སླ་ཡང་ངེས་པ་མེད། apple ཚོང་སྡེ་ཧ་མ་གོ་མཁན་གྱིས་བོད་ཡིག་ཀློག་སྐབས་ཀུ་ཤུས་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་གཞུང་ལ་རྒྱབ་སྐྱོར་ཤུགས་ཆེར་བྱེད་ཅེས་ན་དོན་ག་རེ་གོའམ། ཡང་རྒྱལ་མོ་དཔེ་མཛོད་ཁང་ཅེས་པའི་རྒྱལ་མོ་དེ་ཡུལ་གྱི་རྒྱལ་མོ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཆེར་ངེས་ཀྱང་དོན་དུ་དེ་ནི་ས་གནས་ཞིག་གི་མིང་ཡིན། དེ་བཞིན་དུ་གསར་བསྒྱུར་ནང་སྲིད་འཛིན་ Bush ཚབ་ཏུ་སྲིད་འཛིན་རྩ་ཉོག ཡང་ན། སྲིད་འཛིན་ཤིང་གསེབ་ལྟ་བུ་སོགས་སུ་བསྒྱུར་ན་ཀློག་པ་པོས་དོན་ཇི་ལྟར་ལེན་ནམ། ང་རང་ལའང་རྒྱལ་མོའི་དཔེ་མཛོད་ཅེས་པ་གང་དུ་ཡོད་དམ་བསམ་པ་བྱུང་། དབྱིན་ཇིའི་ནང་གནས་ཚུལ་ཀློག་རྗེས་གཞི་ནས་ས་གནས་ཁུ་ཨིནྶ་ཡིན་པ་ཤེས་སོང། དེ་ན་ངོ་བོ་ཙམ་སྟོན་པའི་མིང་རིག་བོད་སྐད་དུ་དོན་བསྒྱུར་མི་དགོས་པར་བོད་ཡིག་ནང་མིང་ད་ག་རང་བྲིས་ན་རྒྱ་ཆེ་སར་གོ་རྟོགས་སླ་བ་མངོན་ལགས་པ་བསམ་ཚུལ་དུ་ཞུས་ཡིན་ནོ།

  3. ཆོ་མེད་གཅིག་སྟོང་བསྒྲོན་ནས་ཀུ་ཤུ་བཟོ་ཚོང་ཁང་ལ་ངོ་རྒོལ་བྱས། 😂 😂 😂 😅 ཉིན་མཚན་ལྟོས་མེད་ཀུ་ཤུ་ཁ་པར་གྱར་མ་སྡད་པར་ ས་ལ་རྡབ། What a Joking 🙃 What a drama !