ལོ་གསར་སྐབས་བོད་མི་ཚང་མས་ཏོག་དབྱིབས་འགོས་ནད་ལ་གཟབ་རོགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དམིགས་བསལ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཐོག་ཐུགས་གཟབ་དོ་ནན་གནང་རོགས་ཞེས་འབོད་སྐུལ་ཞུས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཡས་མས་སྟེང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་དང་འབྲེལ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ལོ་གསར་སྐབས་དམིགས་བསལ་བོད་ནང་གི་བོད་མི་རྣམ་པས་གཙོས་གཞིས་བྱེས་གཉིས་ཀྱི་བོད་མི་ཚང་མས་འཕྲོད་བསྟེན་བདེ་ཐང་གལ་གནད་དུ་རྩིས་ཏེ། རྒྱ་ནག་གི་ཏོག་དབྱིབས་ནད་དུག་ལ་གཡོལ་སླད་ཐུག་སྤྲོ་དང་རྒྱས་འཛོམས་སོགས་མི་བྱེད་པར་ལོ་གསར་བའི་ནང་བོད་མི་ཚང་མའི་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་རྟེན་འབྲེལ་ཞུས་གནང་སོང་།

སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བསོད་ནམས་ཚེ་རིང་ལགས་ཀྱིས། རྒྱ་ནག་ནང་ཏོག་དབྱིབས་ནད་དུག་བྱུང་སྐབས། ཐོག་མ་ཉིད་ནས་ཝུ་ཧན་ནས་རྒྱ་ནག་ནང་འགྲུལ་བཞུད་ཚང་མ་བཀག་འགོག་བྱས་ཡོད་ཀྱང་། ཆབ་སྲིད་ཀྱི་དྲག་གནོན་འོག་བོད་དང་ཤིན་ཅང་སོགས་སུ་འགྲུལ་སྐྱོད་བཀག་འགོག་བྱས་མེད་པ་རེད། དེ་ཙམ་མ་ཟད་བོད་ནང་སྨན་བཅོས་ཀྱི་མཐུན་རྐྱེན་སོགས་ཡག་པོ་མེད་པས། བོད་ནང་གི་བོད་མི་ཚོས་འཕྲོད་བསྟེན་བདེ་ཐང་ཐོག་དོ་ནན་ཐུགས་གཟབ་གནང་རོགས་ཞེས་འབོད་སྐུལ་དང་། གཉིས་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ཙམ་མ་ཟད་རྒྱལ་སྤྱིའི་ཐོག་ཛ་དྲག་རིང་བཞིན་དུ་གྱུར་བའི་གློ་བའི་འགོས་ནད་བཅོས་མ་ཐུབ་པར་རྒྱ་ནག་མི་མང་ལ་མུ་མཐུད་དཀའ་ངལ་འཕྲད་ཀྱི་ཡོད་པས་བོད་མི་ཚོས་ཡིད་གཟབ་དགོས་སྐོར་བརྗོད་བྱུང་།

ཡང་ཁོས་མུ་མཐུད་ཏོག་དབྱིབས་ནད་དུག་དང་འབྲེལ་རྒྱ་ནག་གཞུང་ངོས་ནས་མི་མང་གི་འགྲོ་འདུག་སྤྱོད་གསུམ་དང་སྨྲ་བརྗོད་རང་དབང་སོགས་བཀག་སྡོམ་བྱས་ཡོང་དུས། མི་མང་གིས་གཞུང་ལ་ཡིད་ཆེས་བརླག་པ་དང་རྒྱ་ནག་གཞུང་དང་མི་མང་དབར་འགལ་ཟླ་བྱུང་སྟེ། མང་ཚོགས་ཁྲོད་གཞུང་ལ་ངོ་རྒོལ་གྱིས་འབོད་ཚིག་བསྒྲགས་མཁན་དང་སྐྱོན་བརྗོད་བྱེད་མཁན་ཡོང་གི་ཡོད་པས། དེ་ནི་རང་ས་རང་ཡུལ་གཞན་ལག་ཏུ་ཤོར་བའི་བོད་མི་རིགས་ལ་མཚོན་ན། བོད་ཀྱི་རྩ་དོན་འཐབ་རྩོད་ལ་རེ་བ་གསར་པ་ཞིག་དང་གོ་སྐབས་ཤིག་ཡིན་པ་དང་། གསུམ་ནས་རྒྱ་ནག་མི་མང་གིས་རྒྱ་ནག་ནང་ནད་གཞི་ཆེན་པོ་གཉིས་ཡོད་པར་ངོས་འཛིན་བྱུང་ཡོད་པ་དང་། དེ་ནི་གཅིག་གནས་བབ་ཚབས་ཆེན་དུ་གྱུར་བའི་ཏོག་དབྱིབས་ནད་དུག་དང་གཉིས་པ་རྒྱ་ནག་དམར་ཤོག་གཞུང་དེ་ཡང་མི་མང་ལ་མཚོན་ན་ནད་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་སྟེ། དཔེར་ན་རྒྱ་ནག་གཞུང་གིས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ཚང་མ་བཀག་སྡོམ་བྱས་པ་སོགས་གཞུང་ལ་དགའ་པོ་བྱེད་ཀྱི་མེད་སྐོར་སོགས་བརྗོད་སོང་།
དེའི་རྗེས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་གསར་འགོད་གསལ་བསྒྲགས་ཀྱི་ཡི་གེ་ལྗགས་ཀློག་གནང་སོང་བའི་ནང་། བར་ལམ་རྒྱ་ནག་ནས་ཁྱབ་བཞིན་པའི་ཏོག་དབྱིབས་ནད་དུག་དེ་བཞིན། ད་ཆ་འཛམ་གླིང་ས་ཁུལ་གང་སར་ཁྱབ་བརྡལ་འགྲོ་བཞིན་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ཚན་པ་དང་། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་བཅས་པས་དམིགས་བསལ་གྱི་སེམས་ཚབས་ཆེན་པོ་བྱུང་ཡོད་པ་བཞིན། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་གཞིས་བྱེས་བོད་རིགས་སྤྱི་དང་། ལྷག་དོན་དུ་གཞིས་ལུས་བོད་རིགས་སྤུན་ཟླ་ཡོངས་ལ་རེ་སྐུལ་ཞུ་རྒྱུར། ད་ལྟའི་གནས་སྐབས་འདིར་ཚན་རིག་པ་དང་། འཕྲོད་བསྟེན་གྱི་ཚན་པ་ཁག་ཅིག་གིས་གལ་ཏེ་འགོས་ནད་འདི་དུས་ཐོག་ཏུ་སྔོན་འགོག་མ་ཐུབ་ཚེ། འཛམ་གླིང་གི་མི་འབོར་བརྒྱ་ཆ་ལྔ་བཅུ་ཙམ་ལ་རྗེས་འབྲས་ཤུགས་རྐྱེན་གྱི་ཉེན་ཁ་ཡོང་ཉེན་ཡོད་ལུགས་བརྗོད་པ་ལྟར། རིང་མིན་རང་རེའི་བོད་ཀྱི་ལོ་གསར་པ་བསླེབ་ལ་ཉེ་བར་བརྟེན། རང་རང་ཁྱིམ་ཚང་སོ་སོར་རྟེན་འབྲེལ་མཚོན་བྱེད་དུ་ལོ་གསར་རྒྱས་སྤྲོས་མ་ཡིན་པར་སྟབས་བདེ་ཞིག་གཏོང་བ་ལས། འཆར་ཅན་ལྟར་ཕན་ཚུན་མགྲོན་འབོད་བྱེད་རེས་དང་། མི་ཚོགས་འདུ་འཛོམས་ཆེ་སར་འགྲོ་ཐལ་མི་ཡོང་བ་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

ཡང་ཏོག་དབྱིབས་ནད་དུག་ལ་སྔོན་འགོག་རིང་བཞིན་གྱི་དོ་སྣང་བྱེད་ཕྱོགས་སྐོར་བསྒྲགས་གཏམ་དེའི་ནང་། རྒྱུན་ལྡན་ནས་རང་རང་གི་ཟས་སྤྱོད་ཐོག་ཐུགས་སྣང་ཆེ་བཞེས་དགོས་པ་དང༌། ནད་རིམ་སྔོན་འགོག་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཕགས་མ་སྒྲོལ་མའི་མཚན་སྔགས་གྲངས་གསོག་ཐུབ་ན་ཕན་གྱི་རེད་ཅེས་ལམ་སྟོན་བཀའ་སློབ་ཕེབས་པ་སྙིང་བཅངས་དང༌། དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་ཀྱང་ལྷ་མོ་ལོ་གྱོན་མའི་གཟུངས་སྔགས་གྲངས་གསོག་དགོས་ལུགས་བཀའ་སློབ་ཕེབས་པ་བཞིན་ས་གནས་གཞོན་ལྷན་ཁག་ནས་འགན་འཁུར་སྣེ་འཁྲིད་ཀྱིས་མི་མང་ལ་གསལ་འདེབས་ཞུ་བ་དང་སྦྲགས་གཟུངས་སྔགས་གསོག་སྒྲུབ་གནང་ངེས་ཡིན་པས། གཞིས་བྱེས་བོད་འབངས་ཚང་མས་དེ་དོན་རང་དོན་རང་གཅེས་ཀྱིས་དགོངས་པ་བཞེས་དགོས་པའི་དྲན་བསྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༢༡

Leave a Reply

2 thoughts on “ལོ་གསར་སྐབས་བོད་མི་ཚང་མས་ཏོག་དབྱིབས་འགོས་ནད་ལ་གཟབ་རོགས།

  1. བསོད་ནམས་རྒྱལ་མཚན།

    བོད་ཀྱི་མིང་ཁུར་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་མིང་ཁུར་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པ། ཆུ་བཞི་སྒང་དྲུག ཏོག་དབྱིབས་ནད་འབུ་ Corona Virus 🦠 ལས་ ཞེ་སྣང་ཚ་བ་མཐོང་། 😂 😂 😂 😅 ལོ་གསར་ བཀྲ་ཤིས་བདེ་ལེགས།