ཕྱི་ལོ་ ༢༠༢༠ ལོར་བོད་ནས་ཡོང་བའི་གསར་འབྱོར་བ་དང་པོ།

—–ཕ་ཡུལ་གྱི་ནང་མི་དང་རུ་སྡེ་སོགས་ཀྱི་བདེ་འཇགས་ཆེད་ང་ཚོས་བཅོས་མིང་བསྟན་འཛིན་ཞེས་པ་འདི་བེད་སྤྱོད་བྱས་ཡོད།

 གཞོན་ནུ་བསྟན་འཛིན་ལགས་ནི་ཕྱི་ལོ་ ༢༠༢༠ ལོར་བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་མཁན་དང་པོ་དེ་ཡིན་ལ། ད་ལྟ་བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་དབུས་སྣེ་ལེན་ཁང་དུ་བོད་མི་གསར་འབྱོར་བ་བཞི་ཡོད་པའི་ནང་གི་གཅིག་ཡིན། ཁོང་ཚོ་དབུས་སྣེ་ལེན་ཁང་དུ་ཕྱི་ཟླ་གཉིས་པའི་ཟླ་མགོར་མ་ཟིན་ཙམ་ལ་འབྱོར་ཡོད་པ་རེད།ལོ་ལྔའི་གོང་ཙམ་ནས་བསྟན་འཛིན་དང་ཁོའི་ངོ་ཤེས་བོད་མི་གཞན་ལྔ་བཅས་གོམ་བརྒྱབ་ནས་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་བའི་འཆར་གཞི་བཟོས་ཡོད་ཀྱང་། གྲ་སྒྲིག་ཆ་ཚང་གྲུབ་མཚམས་སུ་རོགས་པ་གཅིག་གི་བློ་ཁ་འགྱུར་ཡོད་པ་དང་། རིམ་གྱིས་གཞན་ཚོའང་ཉེན་ཁའི་གནས་སུ་མཆོངས་འདོད་མ་བྱུང་བར་བརྟེན། བྲོས་བྱོལ་དུ་ཡོང་བའི་ཚོར་བའི་མེ་ལྕེ་དེ་རིམ་གྱིས་ཡལ། འོན་ཀྱང་། བསྟན་འཛིན་ལགས་གཅིག་པུས་སོ་སོའི་སྔར་གྱི་འདུན་པ་དེ་དོར་མེད་ནའང་། ལྷ་སར་ལམ་ཁྲིད་པ་ཞིག་ཡོད་པ་དེས་ཀྱང་འགྲོ་མཁན་ཁོང་གཅིག་པུ་ལས་མེད་པའི་གནས་སྟངས་ཞན་པོ་དེ་མཐོང་རྗེས་ཡ་ལན་དེ་ཙམ་མ་སྤྲད། དེ་ནས་ཁོང་གིས་ཡུན་རིང་འབྲེལ་བ་བྱས་ཏེ་ཐབས་ལམ་གཞན་ཞིག་རག་པར་འབད་བརྩོན་བྱས། སྤྱིར་ན་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོར་མཐོང་མཆན་མེད་ནའང་གནམ་གྲུའི་འཛིན་བྱང་ཉོས་ཏེ་ཐད་ཀར་བལ་ཡུལ་ནང་འཕུར་ཆོག་པའི་ཐོབ་ཐང་ཡོད་པས། གལ་སྲིད་ཁོང་ལ་གོ་སྐབས་དེ་རག་ན་ཐད་ཀར་སྣེ་ལེན་དུ་བྲོས་འགྲོ་དགོས་བསམ་པའི་འཆར་གཞི་བཟོས་ནའང་། མཐོང་མཆན་ཞུ་མི་དགོས་པ་ཕར་ཞོག མཐོང་མཆན་ཞུ་རུ་ཕྱིན་སྐབས་བོད་རིགས་ཡིན་ན་གཏན་ནས་མཐོང་མཆན་སྤྲོད་ཀྱི་མེད་པར་བརྟེན། ཁོང་གི་རེ་ལྟོས་དེ་ཤི་བར་གྱུར།

ལས་ཡོད་ན་ལམ་ཞིག་ཡོད་ཟེར་བ་ལྟར། བར་སྐབས་དེར་ས་གནས་རྫོང་ཐོག་དུ་བོད་མི་ཚོ་ཐའེ་ལན་ཌིར་གནས་མཇལ་དུ་འཁྲིད་པའི་ཚོང་གཉེར་ཁང་ཞིག་འབྱོར་ཡོད་པ་དང་། ཁོང་ལ་གནས་མཇལ་དུ་འགྲོ་བའི་དམིགས་ཡུལ་མེད་ནའང་། རྒྱ་གར་ལ་འགྲོ་བའི་འདུན་པ་དེ་འགོག་མ་ཐུབ་པར་ཆེས་ཉེན་ཁ་ཆེ་བའི་ལས་ཀ་ཞིག་བྱེད་དགོས་བྱུང་། ཁོང་གིས་ས་གནས་ཀྱི་ཡིག་ཆ་དང་ཐམ་ཀ་རྫུན་བཟོ་བྱས་ཏེ་ཕྱི་སྐྱོད་ཀྱི་མཐོང་མཆན་ཞུས། མཐོང་མཆན་དེའི་ཐོག་ནས་ཐེངས་གཅིག་ལ་ཐའེ་ལན་ཌིར་གནས་མཇལ་དུ་ཕྱིན་ནའང་། བོད་མི་ཚོའི་མཐོང་མཆན་རྣམས་གནས་མཇལ་གོ་སྒྲིག་བྱེད་མཁན་གྱི་འབྲེལ་ཡོད་མི་སྣ་བརྒྱུད་དེ་ས་གནས་གཅིག་ནས་ས་གནས་གཞན་ལ་རྩིས་སྤྲོད་བྱེད་པ་ལས་དོ་བདག་གི་ལག་ཏུ་མི་འཇོག་པས། མཐོང་མཆན་དེ་འཁྱེར་ནས་བལ་ཡུལ་ལ་བྲོས་བྱོལ་དུ་འགྲོ་བའི་ལས་ཚེགས་ཚང་མ་འབྲས་མེད་དུ་གྱུར།

འདས་ལོར་སླར་ཡང་སྒོར་མོ་སྤྲད་དེ་མཐོང་མཆན་ཞུས། སྟབས་ལེགས་པ་ཞིག་ལ་ཐེངས་འདིར་གནས་མཇལ་སྐོར་ཡུལ་གྱི་ཚོང་གཉེར་ཁང་དེས་ཁོང་ལ་ཡིད་ཆེས་ཐོབ། རང་ཉིད་ལ་སུ་ཞིག་གིས་ཡིད་ཆེས་བྱེད་སྐབས་དེ་ལ་ཁྲེལ་མེད་བྱ་རྒྱུ་ནི་བཟོད་དཀའ་བ་ཞིག་ཡིན་ནའང་། ཁོང་གིས་སྡིག་པ་མིག་བཙུམ་གྱིས་ཐའེ་ལན་ཌིར་ཕྱིན་པ་དང་། ཐའེ་ལན་ཌིའི་སྐད་ཡིག་དང་དབྱིན་སྐད་མི་ཤེས་པས་རྒྱ་གར་ནང་ཡོང་བའི་གནམ་གྲུའི་འཛིན་བྱང་ཉོ་རྒྱུ་སོགས་ལ་དཀའ་ངལ་མང་པོ་ཞིག་འཕྲད་མཐར། བལ་ཡུལ་གནམ་ཐང་དུ་འབྱོར་ཐུབ་ཙམ་བྱུང་སྟེ། འདི་ལོའི་ལོ་མགོར་བསྟན་འཛིན་བལ་ཡུལ་སྣེ་ལེན་ཁང་དུ་བདེ་ལེགས་ངང་འབྱོར། གལ་སྲིད་ཁོང་གི་ཐོག་མའི་གྲོས་ཁ་འདོན་རོགས་ཚོས་ཁོང་ད་ལྟ་རྒྱ་གར་དུ་བདེ་ལེགས་ངང་འབྱོར་ཡོད་པ་གོ་ཐོས་བྱུང་ཡོད་ཚེ། ཁོང་ཚོའི་སེམས་ལ་རང་དབང་མེད་པར་བློ་འགྱོད་ཅིག་གཏན་གཏན་སྐྱེ་སྲིད་པ་རེད་ཟེར། ཡིན་ནའང་། བསྟན་འཛིན་ལགས་ཀྱི་གདོང་ལ་གནོང་འགྱོད་ཀྱི་ཉམས་ཤིག་ཐོན་བཞིན་ད་ནི་ཁོང་གི་ས་གནས་རྫོང་ཁོངས་སུ་ཕལ་ཆེར་ཐའེ་ལན་ཌིར་གནས་མཇལ་དུ་འགྲོ་བའི་ལམ་ཁ་དེ་འགག་འགྲོ་བ་རེད་ཟེར།

བསྟན་འཛིན་དང་ཁོའི་རོགས་པ་ཚོས་སོ་སོའི་ཕ་ཡུལ་ཕྱོགས་ཀྱི་མི་ཤེས་འཇོན་ཅན་ཚོར་སློབ་སྦྱོང་བྱེད་པ་དང་ཁོང་ཚོས་བརྩམས་པའི་དཔེ་དེབ་རིགས་ལ་ལྟ་རྒྱུའི་གོ་སྐབས་དེ་ཙམ་མེད་ལ། ས་གནས་ཀྱི་དགོན་པ་དང་བོད་ཕྱི་ཕྱོགས་ཀྱི་དགོན་པའི་སློབ་གསོའི་ཁོར་ཡུག་ལ་ཁྱད་པར་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་། བསྟན་འཛིན་གྱིས་བཤད་ན། སྤྱིར་ཁོའི་ཕ་ཡུལ་ཕྱོགས་ཀྱི་དགོན་པ་ཧ་ཅང་ཡག་པོ་ཡོད་ནའང་། སྒེར་ལ་མཚོན་ནས་བཤད་ན་སྤྱིའི་མཐུན་རྐྱེན་དང་ཁོར་ཡུག་གི་ཆ་ནས་རང་ཉིད་ལ་འཚམས་མིན་དང་འཛོམས་མིན་གྱི་གནས་སྟངས་མང་པོ་ཞིག་ཡོད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཕྱོགས་ཀྱི་ཐད་ནས་ཕྱི་ཕྱོགས་ན་དུས་རབས་དང་འཚམས་པའི་ནང་ཆོས་སྤེལ་སྟངས་དང་སློབ་སྦྱོང་བྱེད་སྟངས་ཤིག་ཡོད་པ་དང་། དེའི་སྒྲིག་འཛུགས་ལ་བལྟས་ནའང་ཡིད་སྨོན་ཤོར་ཆོག་པ་ཞིག་ཡིན་པས། ཁོ་རང་ལ་འཚམས་ཤོས་ཀྱི་དགོན་པའི་སྒྲིག་འཛུགས་དེ་ཕྱི་ཕྱོགས་ན་ཡོད་པར་སྣང་།

ཕ་ཡུལ་ནས་གོ་ཐོས་བྱུང་ལྟར་ན། བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སོང་ན་བརྒྱ་ཆའི་བརྒྱ་ཐམ་པ་འགྲིག་སོང་བ་ཞིག་ཡིན་ཡང་། བསྟན་འཛིན་འདི་ལོའི་ལོ་མགོར་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་རྗེས། བལ་ཡུལ་དང་རྒྱ་ནག་གཞུང་གཉིས་བར་ཚོང་ལས་སོགས་ཕྱོགས་གང་ཐད་ནས་ཀྱང་འགྲིག་མཐུན་ཡོང་གི་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ནག་ཚོང་ལྟ་བུའི་ལྐོག་འགྱུར་གྱི་གནས་ཤིག་ན་ལག་འབྲེལ་བྱས་བསྡད་ཡོད་པ་གཞི་ནས་ཤེས། ཁོང་མཚམས་རེར་མ་གཏོགས་སྣེ་ལེན་ཁང་གི་སྒོ་ཆེན་ཕྱི་ལ་འགྲོ་མི་ཆོག་པ་དང་། སྣེ་ལེན་ཁང་གི་ལས་བྱེད་ཚོས་བཤད་ན། འགྲོ་ལུགས་ཆ་ཚང་བསྒྲུབ་སྟེ་ས་མཚམས་ཀྱི་གནས་བབ་ལ་བལྟས་ནས་རྒྱ་གར་ལ་འགྲོ་དགོས་བྱུང་ན་ཉུང་མཐར་ཟླ་གཉིས་ནས་མང་མཐར་ཟླ་དྲུག་ཙམ་ལ་སྒུག་དགོས། སྟབས་མ་འགྲིག་ན་དེ་ལས་ཀྱང་མང་བ་འགོར་སྲིད་པ་རེད།  ལྷག་པར་དུ་སྐབས་དེར་བལ་བོད་ས་མཚམས་ནས་བོད་མི་བྲོས་བྱོལ་བ་འཛིན་འཛིན་བཟུང་བྱས་ཚེ། བདུན་ཕྲག་གཅིག་ནང་ཚུད་དུ་རྒྱ་ནག་གཞུང་ལ་རྩིས་སྤྲོད་དགོས་པའི་ཆིངས་ཡིག་བཞག་ཡོད་ཚུལ་གྱི་གནས་ཚུལ་ཞིག་དྲ་ལམ་གང་སར་ཁྱབ་བཞིན་ཡོད་པས། བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཡོད་ནའང་རྒྱ་ནག་གཞུང་གི་ལག་འོག་ནས་ད་དུང་ཐར་མེད་པ་དང་། རྒྱང་དུ་ཡོད་པའི་རྒྱ་གར་འཕགས་པའི་ཡུལ་ལ་ཐར་ཐབས་མེད་པའི་སེམས་འཚབ་ཆེན་པོ་ཞིག་ཉིན་རེ་ལས་ཉིན་རེ་བཞིན་ཆེ་རུ་ཕྱིན།

དུས་སྐབས་དེ་འདྲ་ཞིག་ལ་གཅིག་འཕྲོར་གཅིག་བྱས་ནས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་བའི་བྲོས་བྱོལ་བ་ལྔ་དེའི་ཁྲོད་ཀྱི་མི་གཅིག་གིས།  ད་ནི་རྒྱ་གར་ལ་འབྱོར་ཐུབ་པའི་རེ་བ་མི་འདུག་བསམ་སྟེ། རྒྱ་ནག་གཞུང་གི་ཕྱི་སྤྱོད་ལག་ཁྱེར་གྱི་དུས་ཚོད་མ་རྫོགས་སྔོན་ནས་གང་མགྱོགས་ཕྱིར་ཕ་ཡུལ་ལ་ལོག་པའི་སེམས་ཐག་བཅད་དེ་འགྲོ་རྩིས་བྱས། རོགས་པ་ཚོས་ཅི་ཐུབ་གང་ཐུབ་ཀྱིས་རེ་ཐག་ཆད་མི་རུང་བའི་ཁ་ཏ་ཐེངས་མང་བྱས་ཏེ་མུ་མཐུད་སྒུག་ཏུ་བཅུག དེའི་བར་མཚམས་ཤིག་ནས་ཁོང་ཚོའི་རོགས་པ་གཅིག་རྒྱུ་མཚན་ཅི་ཡིན་སོགས་གང་ཡང་མ་བཤད་པར་སྣེ་ལེན་ཁང་ནས་བྲོས་ཕྱིན་པ་དང་། སྡོད་ཁང་མང་ཞིང་ཁོར་ཡུག་ཅུང་རྒྱ་ཆེ་བའི་སྣེ་ལེན་ཁང་དུ་ཁོང་ཚོ་མི་བཞི་ལས་ལྷག་མེད་པ་རེད།

སོམ་ཉིའི་གནས་སུ་ལྷུང་བའི་བྲོས་བྱོལ་བ་བཞི་ཡིས་སྣེ་ལེན་ཁང་དུ་ཡུན་རིང་ལྷག་རྒྱུ་ཡིན་པ་དང་། བལ་གཞུང་གིས་བོད་མི་བཙན་བྱོལ་བ་རྩིས་སྤྲོད་ཀྱི་ཆིངས་ཡིག་བཞག་པའི་གནས་ཚུལ་སོགས་ཐོན་ཡོང་བར་བརྟེན། སྣེ་ལེན་ཁང་ལ་འབྲེལ་ཡོད་ཡིག་ཆ་རྣམས་གང་མགྱོགས་བཟོ་དགོས་པའི་རེ་སྐུལ་བྱས་ཤིང་། སྒེར་ངོས་ནས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་བརྒལ་རྒྱུའི་སེམས་ཐག་བཅད་པ་དང་། མི་སྒེར་ཁག་ཅིག་དང་སྣེ་ལེན་ཁང་ནས་ས་མཚམས་སུ་བོད་མི་ལས་བྱེད་པ་ཞིག་གཏན་འཇགས་སུ་བཞག་ཡོད་པ་སོགས་ཀྱི་རོགས་རམ་འོག བྲོས་བྱོལ་བ་བཞི་དེས་བདེ་ལེགས་ངང་བལ་ཡུལ་གྱི་ས་མཚམས་བརྒལ་ཏེ། ཕྱི་ལོ་ ༢༠༢༠ ཟླ་  ༡ ཚེས་ ༣༡ ཉིན་བཙན་བྱོལ་བོད་མིའི་ཆབ་དཔལ་རིག་གསུམ་གྱི་ལྟེ་བ་བཞུགས་སྒར་དྷ་རམ་ས་ལར་བདེ་འབྱོར་བྱུང་།

བོད་བལ་ས་མཚམས་བརྒལ་ཐུབ་པ་མ་ཟད། བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་ཀྱང་བདེ་ལེགས་ངང་བརྒལ་རྗེས། བསྟན་འཛིན་ལགས་ཀྱི་སེམས་སུ་སྨུག་པ་ལྟ་བུ་ཞིག་འཐིབས་ཡོད་པར་དཔེ་བླངས་ན། ས་མཚམས་བརྒལ་རྗེས་སུ་གཅིག་ལའང་སྐྲག་དོན་མེད་པ་དང་། བལ་ཡུལ་གཞུང་དང་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་སྐྲ་ཉག་གཅིག་ཀྱང་བསྒུལ་མི་ཐུབ་ཨང་སྙམ་པའི་དགའ་སྤོབས་སྔར་བྱུང་མ་མྱོང་བ་ཞིག་སྐྱེ་བཞིན། ཡུན་རིང་འཐིབས་པའི་སེམས་ཀྱི་སྨུག་སྤྲིན་ཡོད་ཚད་དུས་གཅིག་ལ་ཡལ་སོང་ཟེར།

ཁོང་ཚོས་ལྡི་ལི་སྣེ་ལེན་ཁང་བརྒྱུད་དེ་དབུས་སྣེ་ལེན་ཁང་དུ་འབྱོར་སྐབས། རྒྱ་ནག་ཝུ་ཧན་ནས་མཆེད་པའི་གློ་བའི་འགོས་ནད་དེ་སྔོན་འགོག་ཆེད། དྷ་སའི་ཉེ་འཁོར་དུའང་རྒྱ་གར་གཞུང་གིས་ཡུལ་སྐོར་བའི་གནས་ཚུལ་ལ་རྒྱུས་ལོན་དང་བརྟག་དཔྱད་བྱེད་པའི་མགོ་བཙུགས་ཚར་ཡོད་པ་དང་། དགའ་ལྡན་ཕོ་བྲང་ནས་ཕྱི་ཟླ་དང་པོའི་ཚེས་ ༢༨ ཉིན་ནས་བཟུང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་མཚམས་སུ་བཞུགས་རྒྱུ་ཡིན་པས་་མཇལ་ཁ་གནང་མཚམས་ཀྱང་བཞག་ཟིན་པའི་དུས་སྐབས་ཤིག་ཏུ་ཁེལ་ཡོད་སྟབས། ཁོ་ཚོ་སྣེ་ལེན་ཁང་དུ་དུས་ཡུན་རིང་ཐུང་ག་འདྲ་ཞིག་གི་བར་དུ་སྡོད་དགོས་མིན་བཤད་ཚོད་མི་ཐིག་ནའང་། རྒྱ་ནག་གཞུང་གི་ལག་པར་ཐེབས་འགྲོ་མིན་གྱི་སྐྲག་སྣང་མེད་པར་མ་འོངས་པའི་མི་ཚེའི་ལམ་ཀ་གསར་པ་ཞིག་ལ་མནོ་བསམ་གཏོང་བཞིན་མཆིས།

བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར།  དྷ་སའི་ཉེ་འཁོར་གྱི་དབུས་སྣེ་ལེན་ཁང་གུ་ཡངས་པོ་ཡོད་པ་དང་། ཡིག་ཆ་བཟོ་བ་སོགས་ཀྱི་སྐབས་མ་གཏོགས་ཕྱི་ལ་འགྲོ་ཆོག་གི་འདུག་ལ། ཕྱིར་སོང་ནའང་སྐྱོན་གང་ཡང་མི་འབྱུང་བ་ལྟ་བུ་ཞིག་ཏུ་ཚོར་གྱི་འདུག་པས། དབུས་སྣེ་ལེན་ཁང་དུ་ཡུན་རིང་སྒུག་དགོས་བྱུང་རུང་སེམས་པ་ཧ་ཅང་སྐྱིད་པོ་འདུག་ཟེར།

ལོ་བཅུ་ཕྲག་གཅིག་ཙམ་གྱི་གོང་དུ་ལོ་ལྟར་བོད་ནས་བཙན་བྱོལ་དུ་ཡོང་མཁན་མི་གྲངས་ ༢༥༠༠ ནས་ ༣༠༠༠ བར་ཡོད་ལ། ཕྱི་ལོ་ ༢༠༠༦ ལོར་ནང་པ་ལིའི་དམར་གསོད་དོན་རྐྱེན་ཐད་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་བོད་མིའི་ཞི་རྒོལ་ཆེན་མོ་བྱུང་རྗེས། རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་སུ་དམ་དྲག་དོགས་ཟོན་སྔར་ལས་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས།  ལོ་རེ་བཞིན་བོད་ནས་བྲོས་བྱོལ་དུ་ཡོང་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་སྟེ།  ཕྱི་ལོ་ ༢༠༡༨ ལོ་ཧྲིལ་བོར་སྣེ་ལེན་ཁང་བརྒྱུད་ནས་ཡོང་མཁན་གསར་འབྱོར་བ་གྲངས་ ༩༠ མ་ཟིན་ཙམ་དང་། ཕྱི་ལོ་ ༢༠༡༩ ལོར་བོད་མི་གྲངས་ ༢༢ ཙམ་ལས་འབྱོར་མེད་པ་རེད།

བོད་ནས་ཡོང་བའི་གསར་འབྱོར་བ་རྣམས་མང་ཆེ་བ་དགོན་སྡེ་དང་སློབ་གྲྭ་ཁག་གི་ནང་ཞུགས་ཀྱི་ཡོད་པ་དང་།  ལྷག་པར་དུ་སུ་ཇཱ་བོད་ཁྱིམ་དང་ཤེས་རབ་དགའ་ཚལ་སློབ་གླིང་གཉིས་ནི་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་མང་པོ་ཞིག་གི་སློབ་སྦྱོང་གི་གོམ་པ་དང་པོ་སྤོ་ས་ཞིག་ཏུ་གྱུར་ཡོད་པ་རེད།  ཡིན་ནའང་། ད་ལྟ་བོད་ནས་ཡོང་མཁན་ཧ་ཅང་ཉུང་དུ་ཕྱིན་པར་བརྟེན། ད་ལྟ་སུ་ཇཱ་བོད་ཁྱིམ་དུ་སློབ་ཕྲུག་ཁྱོན་ ༩༥༠ ཡོད་པ་ནས་སློབ་ཕྲུག་ ༤༠༠  ཡས་མས་ནི་ཧི་མ་ལ་ཡ་དང་ཡུལ་མིའི་བྱིས་པ་ཡིན་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༥ ཡས་མས་སུ་སློབ་ཕྲུག་ ༦༠༠ བརྒལ་བ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་དུ་ད་ལྟ་སློབ་ཕྲུག་གྲངས་ ༣༠ ལྷག་ལས་མེད་པ་རེད།

ཕྱི་ལོ་ ༢༠༡༨ ནས་ཕྱི་ལོ ༢༠༡༩ ཟླ་ ༣ ཚེས་ ༣༡ ཉིན་བར་གྱི་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ནང་། ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་གཉིས་ཀྱི་གཏན་ཉིན་སློབ་གྲྭ་གྲངས་ ༦༤ ཡོད་པའི་ནང་། སློབ་ཕྲུག་གྲངས་ ༡༦༥༡༣ ཡོད་པ་ནས་བརྒྱ་ཆའི་ ༦༦ བོད་ཕྲུག་དང་། གཞན་རྣམས་ཧི་མ་ལ་ཡའི་རི་བརྒྱུད་དང་ཡུལ་མིའི་བྱིས་པ་ཡིན་པ་དང་། ཕྱི་ལོ་ ༢༠༡༨ ལོར་གྲོས་ཚོགས་ནང་ཆོས་རིག་བཀའ་བློན་མཆོག་གིས་ཆོས་རིག་གི་ལས་བསྡོམས་སྙན་སྒྲོན་ཞུས་པ་ལྟར་ན། བཙན་བྱོལ་ནང་གི་ཆོས་བརྒྱུད་ཚང་མའི་དགོན་ཐོའི་གྲྭ་རྒྱུན་ཁྱོན་ཡོངས་ཀྱི་བརྒྱ་ཆའི་ ༦༧ ཧི་མ་ལ་ཡའི་རི་རྒྱུད་པ་ཡིན་པ་རེད།

བསྐྱར་བཅོས།: ༢༠༢༠/༠༢/༢༧

Leave a Reply

One thought on “ཕྱི་ལོ་ ༢༠༢༠ ལོར་བོད་ནས་ཡོང་བའི་གསར་འབྱོར་བ་དང་པོ།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཕྱི་ལོ་2018་ལོ་ཧྲིལ་པོ་སྣེ་ལན་ཁང་རྒྱུད་ཡོང་མཁན་གསར་འབྱོར་བ་གྲངས་90་ཙམ་དང་ཕྱི་ལོ་2019་བོད་མི་གྲངས་22་ཙམ་ལས་འབྱོར་མེད་པ་རེད་ཟེར་བའི་གསར་འབྱོར་དང་བོད་མི་ཟེར་བའི་ཐ་སྙད་དེ་གཉིས་གསལ་པོ་ཤེས་ཐུབ་མ་སོང་ན་གསར་འབྱོར་དང་བོད་མི་གཉིས་ལ་ནང་གསེས་དབྱེ་བ་ག་འདྲ་ཡོད་གསལ་བཤད་གནང་རོགས།