བོད་དོན་འཁྱོག་བརྗོད་ཀྱི་འགྲེམས་སྟོན་མཚམས་བཞག

ཟླ་འདིའི་ཕྱི་ཚེས་ ༢༢ ནས་བཟུང་ཨ་རིའི་རྒྱལ་མོའི་མི་མང་དཔེ་མཛོད་ཁང་གིས་བོད་དོན་འཁྱོག་བརྗོད་ཀྱི་འགྲེམས་སྟོན་མཚམས་བཞག་ཡོད་འདུགཨ་རིིའི་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། དོ་ཁམས་ཆུ་བཞི་སྒང་དྲུག་སོགས་ས་གནས་བོད་མི་བཅས་ཀྱིས་ལས་འགུལ་རིམ་པར་སྤེལ་བ་མ་ཟད། འབྲེལ་ཡོད་དཔེ་མཛོད་ཀྱི་མི་སྣར་ཐུག་འཕྲད་བྱས་ཏེ། རྒྱལ་མོ་མི་མང་དཔེ་མཛོད་ཁང་གི་བོད་དོན་འཁྱོག་བརྗོད་འགྲེམས་སྟོན་འཕྲལ་དུ་མཚམས་འཇོག་དགོས་པའི་དགོས འདུན་བཏོན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༢ ནས་བཟུང་འགྲེམས་སྟོན་མཚམས་བཞག་ཡོད་འདུག

ལས་འགུལ་ལ་རྒྱལ་ཁ་ཐོབ་པའི་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཊོམ་སོ་ཛི་ (Tom Suozzi) ལགས་ཀྱིས། འདི་ནི་རྒྱལ་ཁ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན་གནད་དོན་འདི་ལྟ་བུའི་ནང་དངུལ་དང་ཆབ་སྲིད་ཚུད་ཡོད། འོན་ཀྱང་མཐའ་མཇུག་དེར་བདེན་པ་ཉིད་ཁྱབ་གྱི་རེད། ང་ཚོས་དཔེ་མཛོད་ཁང་གིས་འབྲེལ་ཡོད་མི་སྣས་འགྲེམས་སྟོན་དེ་མཚམས་འཇོག་བྱས་པར་ཐུགས་རྗེ་ཆེ་ཞུ་དགོས་པ་མ་ཟད། ལས་འགུལ་གོ་སྒྲིག་པ་དང་རྒྱབ་སྐྱོར་བྱེད་མཁན་གྱི་མི་ཚང་མར་ཡང་ཐུགས་རྗེ་ཆེ་ཞུ་དགོས། འདི་ནི་བློ་འཚབ་སྐྱེ་གཞིའི་གནད་དོན་རེད། ཨ་རིའི་མི་མང་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར། ཧོང་ཀོང་ནང་གི་སློབ་མ་ཚུད་པའི་རང་གི་མི་སེར་ཚོར་ཇི་ལྟར་སྟངས་འཛིན་བྱེད་བཞིན་པ་ཤེས་དགོས། ང་ཚོ་འཛམ་གླིང་འདིའི་མི་རིགས་ཀུན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་དགོས། ངས་མུ་མཐུད་ཁྱེད་ཚོའི་ཆེད་འཐབ་རྩོད་བྱ་རྒྱུ་ཡིན། བོད་མིས་རྒྱལ་ཁ་བླངས་པར་དགའ་བསུ་ཞུ་བཞིན་ཡོད། ཅེས་བརྗོད་ཡོད་འདུགདེ་བཞིན་མཛད་སྒོའི་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་ལས་འགུལ་བ་སྟོང་ཕྲག་མང་པོའི་སྨྲ་བརྗོད་རང་དབང་འཕྲོག་བཞིན་ཡོད་པ་དང་། བོད་ནང་གི་བོད་མིའི་ཚོའི་འབོད་སྒྲ་མུ་མཐུད་སྒྲོག་རྒྱུར་འབད་བརྩོན་བྱ་དགོས་སྐོར་བརྗོད་འདུག་པ་དང་། ཡང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་མཐར་ཕྱིན་ལགས་ཀྱིས། རྒྱལ་མོའི་མི་མང་དཔེ་མཛོད་ཁང་གིས་ཐག་གཅོད་དེ་བྱས་པ་དང་། འཛམ་གླིང་ཁྱོན་ཡོངས་ན་ཡོད་པའི་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཞུས་པ་དང་འབྲེལ། ཐེངས་འདིའི་དོན་རྐྱེན་ལ་བརྟེན་ནས་བོད་དེ་ས་གནས་མི་མང་གི་སེམས་ནང་འཇགས་ཡོད་སྐོར་བརྗོད་འདུག

གཞན་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྒྱ་ནག་གཞུང་ཚབ་ཁང་གིས་འགྲེམས་སྟོན་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་དེས། འཁྱོག་བརྗོད་དང་སྒེར་གཅོད་རིང་ལུགས་ལས་ལས་འགུལ་དང་དྲང་བདེན་གྱི་སྟོབས་ཤུགས་ཆེ་བ་ཡོད་པ་གསལ་སྟོན་བྱས་ཡོད་སྐོར་བརྗོད་ཡོད་འདུག

བོད་མི་ཚོའི་དགོས་འདུན་ནང་དུ་དཔེ་མཛོད་ཁང་དེས་བོད་མིའི་ཆེ་མཐོང་ལ་གནོད་པའི་བྱ་འགུལ་སྤེལ་བའི་ངོས་འཛིན་ཐོག མི་མང་དཔེ་མཛོད་ཁང་གི་ཡན་ལག་དཔེ་མཛོད་ཁང་དུ་སྤེལ་བཞིན་པའི་འགྲེམས་སྟོན་ཚང་མ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱལ་མོའི་མི་མང་དཔེ་མཛོད་ཁང་དང་དེའི་འགན་འཛིན་ཌེ་ནི་སི་ཝལ་ཀོ་ཊི་ (Dennis Walcott)  ཡིས་ཡོངས་ཁྱབ་ཐོག་དགོངས་སེལ་ཞུ་དགོས་པ། ད་ལྟ་མཚམས་འཇོག་བྱས་པའི་རྒྱ་ནག་གི་འགྲེམས་སྟོན་དེའི་ཚབ་ཏུ་ནེའུ་ཡོག་བོད་མིས་གོ་སྒྲིག་བྱས་པའི་འགྲེམས་སྟོན་ཞིག་འཛུགས་དགོས་པ་བཅས་དོན་ཚན་གསུམ་བཏོན་ཡོད་འདུག

ཟླ་འདིའི་བདུན་ཕྲག་སྔོན་མ་ནས་ཨལ་མེ་ཧ་སི་ཊེ་ས་གནས་ཀྱི་རྒྱལ་མོའི་མི་མང་དཔེ་མཛོད་ཁང་དུ། རྒྱ་ནག་གི་ནེའུ་ཡོག་ཏུ་སྡོད་པའི་དོན་གཅོད་ནས་ཐད་ཀར་འགྲོ་སོང་བཏང་སྟེ། བོད་ནང་གི་ཉིན་རེའི་འཚོ་བ་ཞེས་བའི་བརྗོད་གཞིའི་ཐོག འདི་ལོའི་ཕྱི་ཟླ་ ༦ བར་ལས་འཆར་ཡོད་པའི་བོད་སྐོར་ཀྱི་པར་རིས་འགྲེམས་སྟོན་དེ་མགོ་འཛུགས་བྱས་ཡོད་པ་དང་། གཞན་རྒྱལ་མོའི་མི་མང་དཔེ་མཛོད་ཁང་གི་ཡན་ལག་དཔེ་མཛོད་ཁང་གཞན་༨་ཙམ་ནང་འགྲེམས་སྟོན་བྱས་འཆར་ཡོད་ཀྱང་། ས་གནས་བོད་མིས་བདུན་ཕྲག་གཅིག་ལྷག་རིང་ངོ་རྒོལ་ཞུ་གཏུག་བྱས་པ་བརྒྱུད་མཚམས་འཇོག་དགོས་བྱུང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༢༧

Leave a Reply

3 thoughts on “བོད་དོན་འཁྱོག་བརྗོད་ཀྱི་འགྲེམས་སྟོན་མཚམས་བཞག

  1. ཚེ་བརྟན་འགྱུར་མེད།

    ༑ ནིའུ་ཡོག་མངའ་ཁོངས་ཁིའུནྶི་ས་གནས་དཔེ་མཛོད་ཁང་གི་བོད་དང་བོད་མིའི་གནས་ཚུལ་ཁྱོག་བཤད་ཀྱི་འགྲེམས་སྟོན་ལ་ནིའུ་ཡོག་དང་ནིའུ་འཇརྶི་བོད་མིའི་ཚོགས་པ་ཁག་ནས་ངོ་བརྒོལ་ཞུས་ནས་མཐར་འགྲེམས་སྟོན་སྒོ་རྒྱབ་ཐུབ་པའི་རྒྱལ་ཁ་ཐོབ། དེ་ནི་བོད་རྒྱལ་ལོ་ ༢༡༤༧ ལོ་གསར་པ་འདིའི་རྒྱལ་ཁ་དང་པོ་དེ་ཡིན་པས་ས་གནས་ཁག་གཉིས་དེར་བཀྲ་ཤིས་བདེ་ལེཌ་ཞུ་རྒྱུ་ཡིན། ལས་དོན་འདི་ལྟ་བུ་ནི་ང་རང་ཚོ་བོད་མི་ཚང་མར་རང་རེ་རྩ་དོན་ལ་ཐབས་བརྩོད་ཞུས་ན་འབྲས་བུ་ཐོབ་རྒྱུ་ཡོད་པའི་དཔང་རྟགས་ཤིག་ཡིན་པ་མ་ཚད་དེར་མུ་འཐུད་འབད་སྤུང་དགོས་པའི་དྲན་སྐུལ་ཞིག་ཀྱང་ཡིན། ཐུགས་རྗེ་ཆེ་གནང་། བོད་རྒྱལ་ལོ།།

  2. ངག་དབང་བྱང་ཆུ་བུད་དབང་།

    ད་ལམ་ནེའུ་ཡོརཀ་དང་ནེའུ་འཇར་སི་ནང་ཡོད་པའི་རང་རིགས་རྣམས་པ་ཚོའི་ལས་དོན་ཡག་པོ་གྲུབ་འདུག་པས་ཐུགས་རྗེ་ཆེ་ཞུ་གི་ཡོད། སོ་སོའི་ས་གནས་དང་ཐག་ཉེར་གནས་པའི་ལས་དོན་གྲུབ་གྱུར་ཕན་ཐོགས་ཆེན་པོ་ཡོད་མ་ཟད་ལས་འགན་ཡང་ཡིན། རང་ཉིད་ལ་ཆ་ཚོན་ན་སུད་སི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུང་ཡོད་པར་རྟེན་འདིར་ཡོད་རང་རིགས་ཚོས་གོ་སྐབས་དམ་འཛིན་གྱི་ངོ་རྒོལ་སྐད་འབོད་ཟམ་མི་ཆད་པར་བྱེད་བཞིན་པར་ཕན་ཐོག་ཀྱང་གང་ཚམ་ཡོང་གི་ཡོད། གུས་པ་རང་ཉིད་ལོ་ན་ ༨༣ ཡིན་ཀྱང་ཁོམ་པ་ཡོད་དུས་གལ་ཆེར་རྩིས་ནས་རང་འགན་ལེན་དགོས་པ་རང་ཁྲིའི་ལས་འགན་ཡིན།།

    1. ཚེ་བརྟན་འགྱུར་མེད།

      ༑ དགུང་ལོ་ ༨༣ ལ་ཕེབས་པའི་སྐུ་ཞབས་ངག་དབང་བྱང་ཆུ་བུད་དབང་ལགས་སྐུ་ཚེ་ཡུན་བརྟན་ཤོག བོད་གདོང་དམར་ཚོའི་ཁོང་ནས་༼རང་ཁྲིའི་ལས་འགན༽དེ་དཔེ་མཚོན་དུ་བཞེས་རོགས་གནང་། ཐུགས་རྗེ་ཆེ།།