ཕྱི་ལོ་ ༢༠༡༩ ལོའི་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་ཆེན་ཁག་ཅིག

ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་བསྩལ།ཕྱི་ལོ་ ༢༠༡༩ ཟླ་ ༢ ཞེས་ ༡༣ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་ས་གནས་ཀྱི་བོད་རིགས་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་བསྩལ་ཏེ། ལོ་ངོ་བཅུ་ཕྲག་མང་པོ་ཞིག་གི་རིང་ལ་ང་ཚོའི་བར་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་དང་། ཨ་རིའི་སྲིད་འཛིན་སྔ་རྗེས་ཀྱིས་བོད་དོན་ཐོག་ཤ་ཚ་དང་རྒྱབ་སྐྱོར། སེམས་འཁུར་ཡོད་པ་མཚོན་བསྡད་པ་ཞིག་རེད། དེར་བརྟེན་དེ་རིང་དུས་ཚོད་འདིར་ངོས་རང་མི་རྒན་ལོ་བརྒྱད་ཅུ་གྱ་བཞིར་ཉེ་བ་ཞིག་གིས་འདས་པའི་ལོ་རྒྱུས་དེ་དག་རྗེས་སུ་དྲན་པའི་ཐོག་ནས་ངོས་ཀྱི་ངོ་ཤེས་མི་མང་པོ་ཞིག་འདས་ཟིན་པ་རེད་དེ། ཡིན་ན་ཡང་། ཁོང་རྣམ་པའི་ཤ་ཚ་དང་སེམས་འཁུར་བྱས་པའི་འབྲས་བུ་ད་ལྟ་ཡིན་ནའང་བསྡད་ཡོད་པ་རེད། བོད་རྒྱ་ཆེའི་མི་མང་གི་བསམ་བློའི་ནང་དུ་དངོས་གནས་བོད་མི་ཚོར་ཤ་ཚའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཚོའི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མ་རེད། ཅེས་གསུངས་ཡོད་པ་རེད།

 ཞི་བདེ་དང་རང་དབང་གི་གཟེངས་རྟགས་ཕུལ།ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༤ ཉིན་ཨ་རིའི་ནུབ་རྒྱུད་ཨ་ཡོ་ཝ་མངའ་སྡེའི་ཌེ་ཝན་པོཌ་ (Davenport) ཁུལ་གྱི་ཡེ་ཤུའི་ཆོས་ཚོགས་ཀྱི་ཆོས་དཔོན་ཐོ་མ་སི་ཨར་ཛིན་ཀུ་ལ་ (Thomas R. Zinkula) ལགས་ཀྱིས། ཌེ་ཝན་པོཌ་མི་རིགས་མཉམ་འདུས་ཀྱི་ཡེ་ཤུའི་ལྷན་ཚོགས་(Davenport Catholic interracial Council)ཀྱི་ཚབ་གནང་སྟེ། བཞུགས་སྒར་དྷ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་ཞུས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་ནང་ཞི་བདེ་དང་རང་དབང་སླད་སྐུ་ལས་ཚད་མེད་བསྐྱོན་པར་ཆེ་བསྟོད་ཞུ་ཆེད། འཛམ་གླིང་ཐོག་ཞི་བདེ་ཞེས་པའི་ཞི་བདེ་དང་རང་དབང་གི་གཟེངས་རྟགས་(The  Peace and Freedom Award) ཞེས་པ་འབུལ་ལམ་ཞུས་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༤ ཚེས་ ༩ ཉིན་ཌེ་ཝན་པོཌ་གྲོང་ཁྱེར་གྱི་སན་ཨེམ་བྷོ་རི་སི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གཟེངས་རྟགས་འབུལ་བཞེས་ཀྱི་གཞུང་འབྲེལ་མཛད་སྒོ་ཞིག་ཀྱང་བསྡུས་ཡོད་པ་རེད། ད་བར་ཞི་བདེ་དང་རང་དབང་གི་གཟེངས་རྟགས་དེ་ཉིད་ཡུམ་ཆེན་ཊེ་རེ་ས་དང་། ཡེ་ཤུའི་ཆོས་དཔོན་ཌེ་སི་མུན་ཊུ་ཊུ་ལྟ་བུའི་རླབས་ཆེན་གྱི་མི་སྣ་ཁག་ཅིག་ལ་ཕུལ་མྱོང་ཡོད་འདུག

 ལྡི་ལིར་རྒྱལ་སྤྱིའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད་གནང་།ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༥ དང་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭས་ཆེད་སྒྲིག་པར་བསྐྲུན་གནང་པའི་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞི (Social, Emotional and Ethical Learning/SEE Learning) རྒྱལ་སྤྱིའི་རང་བཞིན་གྱི་ཐོག་ནས་དབུ་འབྱེད་གནང་བའི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཆེད་མཁས་པ་དང་ཚན་རིག་པའི་ལྷན་དུ་བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོའི་ཐད་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་ཨེ་མོ་རེ་གཙུག་ལག་སློབ་གྲྭ་དང་འབྲེལ་ཡོད་ཚང་མར་བསྔགས་བརྗོད་གནང་བ་དང་འབྲེལ། ལས་གཞི་དེའི་གྲུབ་འབྲས་བདུན་ཕྲག་གཅིག་ནང་སྨིན་མི་སྲིད་ནའང་། མི་རབས་རྗེས་མར་སྨིན་ཏེ་འགྲོ་བ་མིའི་རིགས་འདི་སྔར་ལས་བསམ་ཤེས་ཅན་དང་བྱམས་བརྩེ་ཅན་ཞིག་ཏུ་འགྱུར་ངེས་ཡིན་པ་དང་། དེ་ལ་བརྟེན་ནས་མི་སྒེར་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བ་ཙམ་མ་ཟད། ཁྱིམ་ཚང་དང་རིམ་པས་འཛམ་གླིང་ཡོངས་སྔར་ལས་ཞི་བདེ་དང་གཅིག་ཕན་གཅིག་གྲོགས་ཡོང་རྒྱུ་ཡིན་སྐོར་བཀའ་སློབ་བསྩལ་ཡོད་པ་དང་། ཐེངས་དེའི་བསླབ་གཞི་དབུ་འབྱེད་དང་བགྲོ་གླེང་ཐོག་འཛམ་གླིང་རྒྱལ་ཁབ་ ༣༧ གྱི་སློབ་གྲྭ་ཁག་ ༡༠༤ ཡི་དབུ་འཁྲིད་དང་སློབ་གསོ་བ།  སློབ་ཕྲུག དེ་བཞིན་རྒྱ་གར་གྱི་སློབ་གྲྭ་ཁག་ ༡༡༨༦༢ ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་སློབ་གསོའི་སྡེ་ཁག་གི་སྐུ་ཚབ་བཅས་འཛོམས་ཡོད་པ་རེད།

 བྷོཌ་སཱ་ནའེ་སྲིད་འཛིན་ཟུར་པ་སྐུ་ཞབས་ཨ་ཡན་ཀ་མ་དང་མཇལ་འཕྲད།ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། བོད་མིའི་གསུམ་བཅུའི་སྒེར་ལངས་ཉིན་མོ་ཐེངས་ ༦༠ པའི་གཞུང་འབྲེལ་མཛད་སྒོའི་ཐོག་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་ཨ་ཧྥེ་རི་ཁའི་བྷོད་སཱ་ནཱའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨན་ཁཱ་མཱ་ (Seretse Khama Ian Khama) མཆོག་གཙོ་བོར་གྱུར་བའི་འཇར་མན་དང་། ཁེ་ན་ཌ། སི་ལོ་ཝ་ཀི་ཡ་སོགས་རྒྱལ་ཁབ་ ༦ གི་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་འཕྲད་གནང་ཡོད་པ་མ་ཟད། ལྷག་པར་དུ་སྐུ་ཞབས་ཨན་ཁཱ་མཱ་མཆོག་དང་ཟུར་དུ་མཇལ་མོལ་གནང་སྟེ། སྐུ་ཞབས་ཁོང་དེ་སྔ་བྷོཌ་སྭ་ནའི་ཡུལ་གྱི་སྲིད་འཛིན་ཡིན་སྐབས་མགོན་པོ་གང་ཉིད་ལ་མགྲོན་ཤོག་ཕུལ་བར་དགའ་ཚོར་དཔག་མེད་སྐྱེས་བ་དང་། མགོན་པོ་ཁོང་ཉིད་ཀྱིས་དུས་རྟག་ཏུ་གླིང་ཆེན་ཨ་ཧྥེ་རི་ཁ་དེ་གླིང་ཆེན་ཁྱད་པར་དུ་འཕགས་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་མ་ཟད།  ནུས་པ་ཧ་ཅང་ལྡན་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཡོད་པ་དང་། སྲིད་འཛིན་ཟུར་པ་མཆོག་ནས་ཁོང་གིས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

 རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བསྩལ།ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༠ ནས་ ༡༢ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་ནས་ཨུ་རུ་སུའི་སོག་རིགས་སངས་རྒྱས་རྗེས་འཇུག་པ་གཙོ་བོར་བྱས་པའི་དད་ལྡན་སེར་སྐྱ་མི་མང་ ༨༠༠༠ ལྷག་ལ་རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་བསྩལ་གནང་མཛད་སྐབས། དཔལ་ནཱ་ལེནྡྲའི་མཁས་དབང་ཚོས་མཛད་པའི་གཞུང་དེ་དག་དང་དེའི་དགོངས་འགྲེལ་ཡང་འགྲེལ་མང་པོ་ཞིག་བོད་དང་སོག་པོའི་མཁས་པ་ཚོས་མཛད་གནང་ཡོད་པ་དང་། རྩ་བའི་དེ་དག་གི་འབྱུང་ཁུངས་ནང་པའི་ཆོས་ནས་ཡོང་གི་ཡོད་ན་ཡང་། བརྗོད་བྱ་དེ་དག་ཤེས་ཡོན་གྱི་སློབ་གྲྭ་དང་ཤེས་ཡོན་སྡེ་ཚན་ཁག་གི་སློབ་ཚན་ནང་བཞག་ནས་སློབ་སྦྱོང་བྱ་དགོས་པ་དེ་གལ་ཆེན་པོ་རེད། ཅེས་དང་། ངའི་བསྟན་པ་བྱང་ནས་བྱང་དུ་དར་ཟེར་བ་ལྟར་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བོད་ལ་ཞེ་དྲག་དར་བ་དང་། དེ་ནས་བོད་ནས་ཆེན་པོ་ཧོར་གྱི་ཡུལ་ལ་དར་བ་དང་། དེང་སང་ཆབ་སྲིད་ཀྱིས་དབྱེ་བ་ཕྱེས་ཡོང་དུས་ནང་སོག་དང་ཕྱི་སོག ཨུ་རུ་སུའི་ཁོངས་ཀྱི་སོག་པོ་སོགས་ས་ཁུལ་དེ་དག་གི་སོག་རིགས་ཡོད་དོ་ཅོག་ལ་ཁྱབ་བསྡད་པ་ཞིག་དང་། འདས་པའི་ལོ་ཧ་ལམ་སྟོང་ཕྲག་གི་རིང་ལ་ས་ཁུལ་དེ་དག་ནས་མཁས་པའི་དབང་བོ་སྟོང་ཕྲག་མང་པོ་བྱུང་ཡོད་པ་དང་། སངས་རྒྱས་ཀྱི་བསྟན་པ་དང་ལྷག་པར་གཞུང་ཆེན་ཐོག་ལ་ལེགས་སྐྱེས་ཕུལ་མྱོང་མཁན་དང་ལེགས་བཤད་བརྩམས་གནང་པ་ཞེ་དྲག་མང་པོ་བྱུང་ཡོད་པ་རེད། དེ་རིང་ཁ་སང་ཡིན་ནའང་རྒྱ་གར་ལྷོ་ཕྱོགས་སུ་སོག་པོའི་གྲྭ་རྒྱུན་བརྒྱ་ཕྲག་ཁ་ཤས་ཤིག་ཡོད་པ་རེད། མ་འོངས་པར་དེ་དག་ཏན་ཏན་བསྟན་པ་ལ་ཕན་ཐོགས་བྱེད་མཁན་གྱི་མི་ཆགས་བསྡད་ཡོད་པ་རེད། ཅེས་སོགས་གསུངས་ཡོད་པ་རེད།

 བོད་གཞིས་བྱེས་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཆེད། བོད་གཞིས་བྱེས་གཞུང་མང་གཉིས་ཀྱི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པས། ༸རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་ནང་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་སེར་སྐྱ་མི་མང་ ༦༠༠༠ བརྒལ་བར་བླངས་དོར་བཀའ་སློབ་གནང་དོན།  ཇི་སྲིད་གནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་ནས།། དེ་སྲིད་བདག་ནི་གནས་གྱུར་བ།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་སྨོན་ལམ་རྒྱག་མཁན་ཞིག་ཡིན་དུས། ད་ལྟ་ཁ་ཡོད་ལག་ཡོད་ཀྱི་མི་ཚེ་འདིའི་ནང་ངོས་ནས་མི་ལ་ཏོག་ཙམ་ཕན་གྱི་ཡོད་པར་བརྟེན། ཕན་ས་དེར་ག་ཚོད་ཀྱིས་ཚེ་རིང་བ་འདུག་ཐུབ་ན་ཕན་གྱི་ཡོད་པ་རེད། ཤེས་སོང་ངམ། ཐམས་ཅན་མཁྱེན་པ་དགེ་འདུན་གྲུབ་པས། གནས་གང་ཞིག་ཏུ་སེམས་ཅན་སྡུག་བསྔལ་གྱིས་མྱངས་པར་ཕན་ཐོགས་བྱེད་ས་ཞིག་ཏུ་སྐྱེས་པར་ཤོག་བསམ་པ་མ་གཏོགས་མེད་ཅེས་གསུངས་པ་ནང་བཞིན་ངོས་ནས་སྨོན་ལམ་དེ་ག་རང་བརྒྱབ་བསྡད་ཡོད།  ཅེས་དང་། ལུང་བསྟན་ནང་དགུང་ལོ་ ༡༡༣ བར་བཞུགས་རྒྱུ་ཡིན་སྐོར་གསུངས་ཡོད་པ་དང་། དགུང་ལོ་ ༡༡༠ བར་བཞུགས་པའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས།

 བོད་ཕྲུག་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་།ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། ལོ་འཆར་ཅན་ལྟར་བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བསྩལ་ཡོད་པ་དང་། གསུང་ཆོས་སྟེང་བོད་རིགས་སློབ་ཕྲུག་ ༣༠༠༠ ལྷག་གཙོ་བོར་གྱུར་བའི་ཕྱི་རྒྱལ་བ་དང་དྷ་ས་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠༠ བརྒལ་བ་འཛོམས་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཕྲུག་ཚོར་དམིགས་ཏེ། དེ་རིང་ཆོས་འབྲེལ་བྱེད་ས་གཙོ་བོ་བོད་རིགས་སློབ་ཕྲུག་ཚོ་ཡིན་པ་དང་། སློབ་ཕྲུག་ཁྱེད་ཚོ་བོད་གངས་ཅན་ལྗོངས་ཀྱི་ཤ་ཁྲག་རུས་གསུམ་ནས་མཆེད་བསྡད་པ་ཞིག་ཡིན་པ་དང་། ཁྱེད་རང་ཚོ་མང་པོ་ཞིག་སྐྱེས་ས་རྒྱ་གར་དང་ལུང་པ་གཞན་པ་འདྲ་མིན་ནང་སྐྱེས་ཡོད་ན་ཡང་། ང་རང་ཚོ་ཚང་མ་སྐྱེས་པ་ནས་བོད་རིགས་ཞེས་པའི་མིང་ཞིག་ཁུར་བསྡད་ཡོད་པ་རེད། བོད་རིགས་ཟེར་བའི་མིང་དེ་མ་ཤི་བར་དུ་ཁུར་རྒྱུ་མ་གཏོགས་དེ་ལ་འགྱུར་བ་གཏོང་རྒྱུ་གང་ཡང་ཡོད་པ་མ་རེད། ཅེས་དང་། བོད་རིགས་གཞོན་སྐྱེས་ཚོས་ངེས་པར་དུ་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། བོད་སྐད་ཡིག་ཐོག་འཐུས་ཚང་ཡོད་པའི་ནང་ཆོས་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་ཆགས་ཡོད་སྐོར་བཀའ་སློབ་བསྩལ་ཡོད་པ་རེད།

 ཁ་ཆེའི་ཆོས་ལུགས་མཐུན་སྒྲིལ་ཆོགས་ཆེན་གྱི་ཚོགས་མགོན་དུ་བཞུགས། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ། ལ་དྭགས་གླེ་ཁ་ཆེ་བའི་གོ་སྒྲིག་གནང་བའི་ཁ་ཆེའི་འཇིག་རྟེན་གྱི་སྣ་འཛོམས་རང་བཞིན་སྲུང་གཙི་ཞེས་པའི་ཁ་ཆེ་ཆོས་ལུགས་རྗེས་འབྲང་བ་ནང་ཁུལ་མཐུན་སྒྲིལ་དགོས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་ཆེན་གྱི་ཚོགས་མགོན་དུ་ཕེབས་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཟུར་པ་ སྐུ་ཞབས་ཧ་མིཌ་ཨན་སཱ་རི་(Hamid Ansari)གཙོས་ཁ་ཆེའི་ཆོས་ལུགས་ཀྱི་དབུ་འཁྲིད་ཁག་ཅིག་ཀྱང་འཛོམས་ཡོད་འདུག སྐབས་དེར་༧གོང་ས་མཆོག་ནས་ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་ནས། རྒྱ་གར་ནང་ལོ་ངོ་སྟོང་གི་རིང་ནས་ཆོས་ལུགས་མཐུན་སྒྲིལ་དར་ཁྱབ་བྱུང་བ་དང་།  དུས་ད་ལྟའང་རྒྱ་གར་ནང་གྲངས་ཉུང་གི་ཆོས་ལུགས་དཔེར་ན་པར་སི་ལྟ་བུ་རྒྱ་གར་གྱི་སྤྱི་ཚོགས་ཆེན་པོ་འདིའི་ནང་ཞི་བདེ་བག་ཕེབས་ངང་གནས་ཐུབ་པ་ཙམ་དུ་མ་ཟད།  རྒྱ་གར་གྱི་ཁ་ཆེའི་ཆོས་པ་ཚོར་མཚོན་ན་ཁ་ཆེ་ནང་ཁུལ་སུན་ནི་དང་ཤི་ཡ་གཉིས་འཆམ་མཐུན་ངང་གནས་ཡོད་སྟབས། ད་ཆ་རྒྱ་གར་ཁ་ཆེ་བ་ཚོས་གཙོ་འགན་ཐོག་ནས་ཁྱིམ་མཚེས་རྒྱལ་ཁབ་ཨབ་གྷ་ནི་སི་ཐན་དང་། པ་ཀི་སི་ཐན། དེ་བཞིན་དཀྱིལ་ཤར་ཡུལ་གྲུའི་ནང་ཁ་ཆེ་ནང་ཁུལ་གྲུབ་མཐའ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་འཁྲུག་རྩོད་བྱེད་བཞིན་པ་དེ་དག་མཚམས་འཇོག་ཡོང་ཐབས་ཆེད་ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས་པའི་བཀའ་སློབ་བསྩལ་ཡོད་པ་རེད།

 ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་མོལ་མཛད།  ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་གྲོས་ཚོགས་འཐུས་མི་ ༦ ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ལ་ཕོ་བྲང་དུ་མཇལ་ཁ་སྩལ་སྐབས། ༧གོང་ས་མཆོག་གིས། ཨ་རི་ནི་བོད་མི་དང་བོད་དོན་ཐོག་ཡུན་རིང་ནས་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེ་གནང་མཁན་ཞིག་ཡིན་པར་བརྟེན་བོད་མི་ཚོས་རེ་བ་རྒྱག་ས་ཆེ་ཤོས་ཤིག་ཡིན་པ་དང་། མགོན་པོ་མཆོག་གིས་དེང་སྐབས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་དེང་དུས་ཤེས་ཡོན་ལམ་ལུགས་ནང་འཇོག་ཐབས་མཛད་བཞིན་པ།  ཨ་རིར་མཚོན་ན་འཛམ་གླིང་ནང་རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་སྣེ་ཁྲིད་མཁན་ཞིག་ཡིན་ཞིང་།  རང་དབང་ཞེས་པའི་གོ་དོན་ཐོག་བསམ་བློ་གཏིང་ཟབ་བཏང་བ་ཡིན་ན། རང་དབང་ཞེས་པ་དེ་མིའི་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས་པ་ཞིག་ཚང་བར་མཐུན་པའི་རྐྱེན་དུ་གྱུར་བ་ཞིག་ལ་གོ་དགོས་སྐོར་དང་། མགོན་པོ་གང་ཉིད་ཀྱི་ཐུགས་འགན་གཙོ་བོ་ཞིག་ནི་ནང་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་རྒྱ་གར་གྱི་གནའ་སྲོལ་ལེགས་བཤད་དེ་དག་དེང་དུས་ཤེས་ཡོན་དང་ཟུང་འབྲེལ་ཐོག་ནས་བསྐྱར་གསོ་མཛད་རྒྱུ་དེ་ཡིན་སྐོར་བཀའ་སློབ་བསྩལ་ཡོད་འདུག མཇལ་ཁ་གྲུབ་རྗེས་དེར་བཅར་སྐུ་ཞབས་ཝེན་བྷུ་ཁ་ནན་ (Vern Buchanan) ལགས་ཀྱིས། ཐེངས་དེའི་འཚམས་གཟིགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཁོང་ཚོ་དང་བོད་མིའི་བར་མཉམ་རུབ་ཐོག་ལས་དོན་སྤེལ་ཐབས་བྱ་རྒྱུ་དང་། སྔར་ཡོད་འབྲེལ་བ་དེ་ད་ཆ་གནས་ཚད་ཇེ་མཐོར་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་དང་། གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད་དེ་དག་འགྲུབ་ཆེད་ཕྱར་བ་གྲུ་འདེགས་གང་ཐུབ་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། ཨ་རིའི་སྐུ་ཚབ་ཚོགས་ཆུང་དེས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་སྤྱི་ལྷན་གྲོས་ཚོགས། དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ལ་འཚམས་གཟིགས་གནང་ཡོད་པ་རེད།

 རྒྱ་གར་བྱང་ཕྱོགས་མ་ན་ལིར་བཀའ་ཆོས་བསྩལ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༣ ཉིན་མ་ན་ལི་ཁུལ་གྱི་སེར་སྐྱ་མི་མང་རྣམས་ལ་ནང་ཆོས་སྤྱི་བཤད་དང་། ཕྱི་ཚེས་ ༡༤ ཉིན་འོན་མངའ་རིས་གྲྭ་ཚང་གི་གསོལ་འདེབས་ཞུས་དོན་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ཀྱི་བཀའ་ཆོས་བསྩལ་གནང་མཛད་ཡོད་པ་དང་། ཟླ་དེའི་ཕྱི་ཚེས་༡༧ ཉིན་དད་ལྡན་སེར་སྐྱ་སྟོང་ཕྲག་བརྒལ་བར་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་སྐབས། དེ་སྔ་བོད་ལ་གང་ཟག་དགོས་མཚན་གྱི་དབང་དུ་བྱས་པའི་རྒྱུད་སྡེའི་ཆོ་ག་ལ་དང་དོད་ཞེ་པོ་གནང་ནས་དཀྱིལ་འཁོར་སྒྲུབ་མཆོད་ཚོགས་པ་སོགས་ཡོང་གི་ཡོད་པ་རེད། བསྟན་པ་སྤྱི་མཚན་གྱི་ཟབ་ལ་རྒྱ་ཆེ་བ་དེ་ལ་སློབ་སྦྱོང་བྱེད་པ་དེ་མ་འདང་པ་ལྟ་བུ་ཞིག་མཐོང་གི་ཡོད། རྒྱ་གར་ལ་བསླེབས་པའི་མགོ་སྟོད་ནས་རྒྱུད་གྲྭ་གཉིས་ཀྱི་མཚོན་པའི་སྔགས་ཀྱི་ཆོ་ག་རྐྱང་ལ་ལྟ་མཁན་ཚོར་གཞུང་ཆེན་ལ་ལྟ་དགོས་པའི་འབོད་སྐུལ་བྱས་པ་ཡིན། བསྟན་པ་སྤྱི་མཚན་གྱི་བསྟན་པ་སྤྱིའི་འགྲོ་སྟངས་དེ་ཚོ་ཡག་པོ་ཞིག་མ་ཤེས་ན་གང་ཟག་དགོས་མཚན་ལ་གསུངས་ཡོད་པ་དེའི་ཟབ་གནད་ཆ་ཚང་ཤེས་ཐུབ་ཀྱི་མ་རེད། ཅེས་སོགས་གསུངས།   ཟླ་དེའི་ཕྱི་ཚེས་ ༡༨ ཉིན་འོན་མངའ་རིས་གྲྭ་ཚང་གི་གསོལ་འདེབས་བཞིན་དད་ལྡན་སེར་སྐྱ་མི་མང་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང། དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་བཀའ་དྲིན་བསྩལ་ཡོད་པ་རེད། ཉིན་གྲངས་བཞིའི་རིང་གི་བཀའ་ཆོས་གྲུབ་རྗེས་མ་ན་ལིར་བདུན་ཕྲག་གཅིག་ཙམ་རིང་སྐུ་ལྷོད་བཞུགས་མཛད་ཡོད་པ་རེད།

རྣམ་དག་ཡེ་ཤུའི་མཐུན་ཚོགས་ཀྱི་ཚོགས་ཆེན་དུ་ཕེབས། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མེང་ལོར་གྲོང་ཁྱེར་དུ། རྒྱ་གར་རྒྱལ་ཡོངས་ཁཱ་ཐོ་ལའེ་ཁུ་མཐོ་སློབ་མཐུན་ཚོགས་ (All India Association of Catholic Schools) ཀྱི་ཚོགས་ཆེན་ཐེངས་ ༥༢ པའི་སྟེང་ཆིབས་བསྒྱུར་གྱིས་བླངས་དོར་བཀའ་སློབ་སྩལ་སྐབས། ངོས་ནས་ནམ་རྒྱུན་དུས་རབས་ཉི་ཤུ་དང་ཉེར་གཅིག་པའི་མི་རབས་སྐོར་བཤད་ཀྱི་ཡོད། ངོས་རང་དུས་རབས་ཉི་ཤུའི་ཁོངས་གཏོགས་ཡིན་པ་དང་། ཁྱེད་རང་ཚོ་མང་ཆེ་བ་དུས་རབས་ཉེར་གཅིག་པའི་མི་རབས་ཆགས་ཀྱི་ཡོད། འདས་པ་ནི་འདས་ཟིན་པ་རེད། ང་ཚོས་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། འགྲོ་བ་མིའི་རིགས་དང་འཛམ་གླིང་འདིའི་མ་འོངས་པ་ནི་ང་ཚོ་རང་གི་ལག་ཏུ་ཡོད། ཅེས་དང་། ང་ཚོའི་ཕྱོགས་ནས་བོད་རང་བཙན་རྩོད་ཀྱི་མེད། ངོས་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྙིང་སྟོབས་ལ་ཡི་རངས་ཞུ་ཡི་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཧྥ་རན་སི་དང་འཇར་མན་གཉིས་ནས་དམག་འཁྲུག་བརྒྱབས་ཏེ་གསོད་རེས་བྱས་ཡོད་ཀྱང་། དེའི་རྗེས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཚོས་ཐུན་མོང་གི་ཁེ་ཕན་གལ་ཆེན་དུ་རྩིས་ཏེ་ཡུ་ཡོབ་མཉམ་འབྲེལ་མཐུན་ཚོགས་བཙུགས་པ་རེད་ལ། ཡུ་རོབ་མཐུན་ཚོགས་བཙུགས་རྗེས་གསོད་རེས་བྱུང་ཡོད་པ་མ་རེད། དེ་མཚུངས་ང་ཚོ་ཡིན་ཡང་རྒྱ་ཆེ་བའི་རྒྱ་ནག་མཉམ་འབྲེལ་མཐུན་ཚོགས་ནང་འདུག་འདོད་ཡོད། ཐུན་མོང་གི་ཁེ་ཕན་ལ་དམིགས་ཏེ་ཁ་བྲལ་རྩོད་ཀྱི་མེད། ང་ཚོས་ལྟ་གྲུབ་ཐོག་ནས་རྒྱ་ནག་མི་མང་ས་ཡ་མང་པོར་རོགས་པ་བྱེད་ཐུབ་ཀྱི་ཡོད་ལ། དཔལ་འབྱོར་གྱི་ཐོག་ནས་ཁོ་ཚོས་ང་ཚོར་རོགས་པ་བྱེད་ཐུབ་ཀྱི་ཡོད། ཕྱི་ལོ་ ༡༩༧༤ ལོ་ནས་ང་ཚོས་རང་བཙན་རྩོད་རྒྱུ་མིན་པའི་ཐག་གཅོད་བླངས་ཡོད། དེ་ནི་རྒྱ་གར་གྱི་སྲིད་བློན་ནེའུ་རོ་དམ་པ་མཆོག་གི་ལམ་སྟོན་ཞིག་ཀྱང་ཡིན། ཞེས་གསུངས་སོགས་གསུངས་ཡོད་པ་རེད།

ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་རྣམས་ལ་བཀའ་ཆོས་བསྩལ། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༤ ནས་ཉིན་གྲངས་གསུམ་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་ཁག་ ༦༩ ནས་ཡོང་བའི་དད་ལྡན་དོན་གཉེར་ཅན་དང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་གྲངས་ ༦༠༠༠ ཡས་མས་ལ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་སྐོར། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་གསུང་ཆོས་སྩལ་སྐབས། བོད་ཀྱི་ཆོས་དང་རིག་གཞུང་དེ་བོད་མི་གཅིག་པོའི་སྐད་ཆ་ཙམ་མིན་པར། ཨེ་ཤ་ཡ་ཁྱོན་ཡོངས་ཙམ་ནང་པའི་ལུང་པ་ཆགས་ཡོད་པ་རེད། སངས་རྒྱས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་གཏིང་ཟབ་པོ་ཞིག་འགྲེལ་བཤད་དང་དཔེ་ཀློག་བྱ་རྒྱུ་ཡོད་པ་དེ་ཕལ་ཆེར་བོད་ལ་ཡོད་པའི་ཆོས་དེ་རེད་འདུག དེ་བས་བོད་ཀྱི་ཆོས་དང་རིག་གཞུང་དེ་འཛམ་གླིང་གི་སྤྱི་ནོར་ལྟ་བུ་ཞིག་ཆགས་ཡོད་སྟབས། བོད་ཀྱི་རིག་གཞུང་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བ་དེ་ངོས་རང་རྒྱལ་བ་རིན་པོ་ཆེ་ཡིན་པའི་སྐད་ཆ་ཙམ་མ་རེད། མི་ཞིག་ཡིན་པའི་ངོས་ནས་དེ་འཛམ་གླིང་སྤྱི་ལ་ཕན་ཐོགས་འདུག དེ་དང་ཆབས་གཅིག་ཏུ་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྐོར་ལ་ཞིབ་ཚགས་པོའི་ཐོག་འགྲོ་བའི་སྐབས། བོད་སྐད་དེ་ཡག་ཤོས་རེད་འདུག དབྱིན་སྐད་ནི་ཡོང་ཐབས་མེད་པ་དང་རྒྱ་སྐད་ནང་གང་འཚམ་ཡོད་པ་རེད་དེ། ཚད་མ་རིག་པའི་སྐོར་དེ་ཚོ་རྒྱ་ཡིག་ནང་ཤུགས་ཆེན་པོ་མི་འདུག དེ་བས་བོད་ཀྱི་སྐད་ཡིག་དེ་སེམས་ཁམས་རིག་པ་དང་ཚད་མ་རིག་པ། དེ་བཞིན་སེམས་ཁམས་རིག་པ་ཕྲ་ཞིང་ཕྲ་བའི་སྐོར་ལ་བཤད་ཡོང་དུས་ཕལ་ཆེར་ཡག་ཤོས་དེ་རེད་འདུག་པས། བོད་སྐད་དང་བོད་ཡིག ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་བོད་པ་ཙམ་མིན་པར་ནང་པའི་ཡུལ་ལུང་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་རེད། ཅེས་སོགས་གསུངས་ཡོད་པ་རེད།

ཚོགས་པ་ལྔས་བརྟན་བཞུགས་བསྟར་འབུལ་ཞུས།ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣  ཉིན་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། སྤྱི་མཐུན་མཉམ་འབྲེལ། སྨར་ཤོད་གོ་འཇོ་མི་མང་། འབྲུག་སྡོད་བོད་མི། མདོ་ཁམས་ཆུ་བཞི་སྒང་དྲུག ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ཐུན་མོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྨིན་གླིང་གཏེར་བདག་གླིང་པའི་གཏེར་ཆོས་ཀྱི་ནང་ནས་ཚེ་སྒྲུབ་ཡོངས་སྙིང་ཀུན་བསྡུས་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། ད་ལྟ་ང་ཚོ་དཀའ་ངལ་ཆེན་པོའི་དུས་ཚོད་ཅིག་ལ་བསླེབས་བསྡད་ཡོད་རེད་དེ། ཡིན་ན་ཡང་། ཕྱོགས་གཅིག་ནས་ང་ཚོ་ལ་བདེན་པ་ཡོད་པ་རེད། གཉིས་ནས་གཞིས་ལུས་རྒྱ་ཆེ་མི་མང་གཙོ་བོར་གྱུར་བའི་འཛམ་གླིང་གི་ཕྱོགས་མཚམས་སུ་ཡོད་པའི་ང་ཚོ་བྱེས་འབྱོར་མི་མང་ཚང་མས་བོད་རིགས་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་བྱས་ཏེ། དེས་དྲངས་པའི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་བྱས་ནས་བསྡད་པ་རེད། བརྟན་བཞུགས་ངོ་མ་དེ་རེད། ཅེས་དང་། བར་སྐབས་བོད་མི་སྤྱི་ལ་དཀའ་ངལ་འཕྲད་ནས་ད་ཆ་བོད་ཕྱི་ནང་གཉིས་ཀར་བོད་ཆོལ་ཁ་གསུམ་གོང་བུ་གཅིག་འགྱུར་ལྟ་བུ་ཆགས་ཡོད་སྐོར་གྱི་བཀའ་སློབ་བཟང་པོ་ཕེབས་ཡོད་པ་རེད།

 འཇར་མན་གྱི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་།ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྷ་སར་ཆེད་ཕེབས་གནང་བའི་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གྲོས་ཚོགས་འཐུས་མི་གསུམ་ལ་མཇལ་འཕྲད་གནང་སྟེ། དེང་སྐབས་རྒྱ་ནག་རྒྱལ་སྤྱིའི་ཐོག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། རྒྱ་མི་ནང་པ་ས་ཡ་གསུམ་བརྒྱ་ཙམ་ཡོད་པ་བརྗོད་ཀྱི་ཡོད་སྟབས།  ང་ཚོས་བཟང་ཕྱོགས་ཀྱི་འགྱུར་བ་དེ་དང་བསྟུན་ནས་འཇར་མན་ལྟ་བུ་རང་དབང་ཅན་གྱི་ཡུལ་གྲུ་ཚོས་བོད་དོན་སྤྱི་དང་། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པར་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་བ་དེ་དག་ལ་ཕན་ཐོགས་ཆེན་པོ་འདུག རྒྱ་ནག་དམར་པོའི་སྲིད་གཞུང་གིས་ལོ་ངོ་བདུན་ཅུ་རིང་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་དེ་ད་ཆ་ལམ་ལྷོངས་བྱུང་མེད་པར་བརྟེན།  རྒྱ་ནག་གཞུང་གིས་བོད་ཐོག་དངོས་ཡོད་གནས་སྟངས་དང་འཚམ་པའི་སྲིད་བྱུས་ཤིག་འཛིན་དགོས་པའི་བསམ་ཚུལ་རྒྱ་ནག་གི་དཔོན་རིགས་ཚོའི་ཁྲོད་དུའང་འབྱུང་གིན་ཡོད་སྐོར་བཀའ་སློབ་བསྩལ་ཡོད་པ་དང་། གྲོས་ཚོགས་འཐུས་མི་རྣམ་པས་ཀྱང་བོད་མིའི་དགོས་འདུན་ཤེས་རྟོགས་ཆེད་དྷ་སར་བཅར་བ་དང་། ད་ལན་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་སོགས་ལ་མཇལ་འཕྲད་ཞུས་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་ཁོང་རྣམ་པར་འབྱུང་འགྱུར་རྒྱ་ནག་ནང་བསྐྱོད་རྒྱུར་བཀག་འགོག་བྱ་ངེས་ཡིན་པ་སྔར་ནས་ཤེས་ཀྱི་ཡོད་སྐོར་སོགས་སྙན་གསེང་ཞུས་ཡོད་པ་རེད།

ལྡི་ལིའི་བདུན་གཅིག་རིང་གི་མཛད་འཕྲིན།ཕྱི་ལོ་༢༠༡༩ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་གྱི་སྲོལ་རྒྱུན་རོལ་མོའི་ཚོགས་པའི་ (SPIC Macay) གོ་སྒྲིག་འོག་ལྡི་ལི་གསར་པའི་ཤྲི་རཱམ་སློབ་གྲྭའི་ནང་། ཁྱོན་སློབ་གྲྭ་ཁག་ ༥༠ ཡི་སློབ་མ་ ༢༣༠༠ ཙམ་ལ། རང་ཉིད་རྩེ་ཕུད་ཆགས་རྒྱུའི་འགྲན་རྩོད་ཀྱི་བསམ་བློ་འཆང་བའི་ཐོག་ནས་གཞན་རྣམས་ཡར་རྒྱས་འགྲོ་རྒྱུར་སེམས་ཤུགས་སྤར་ན་ཕན་ཐོགས་ཆེན་པོ་ཡོད་སྐོར་གྱི་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་ཟླ་དེའི་ཕྱི་ཚེས་ ༢༡ ཉིན་ལྡི་ལིའི་ཏཱ་ཇི་གསོལ་མགྲོན་ཁང་དུ་ཚོང་དོན་མགོ་བ་དང་གནད་ཡོད་གཞུང་འབྲེལ་མི་སྣར། འགྲོ་བ་མི་ནི་ལྷན་སྐྱེས་ནས་བྱམས་བརྩེ་ལྡན་པ་ཞིག་ཡིན་ཞིང་། སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་པ་དང་། རང་གི་བདེ་སྡུག་དེ་གཞན་ལ་བརྟེན་ནས་འབྱུང་གི་ཡོད་སྟབས། གཞན་གྱི་བདེ་སྡུག་ཡལ་བར་དོར་ཚེ་རང་ཉིད་ལ་བདེ་སྐྱིད་ཡོང་ཐབས་མེད་སྐོར་གྱི་བཀའ་སློབ་བསྩལ།  ཕྱི་ཚེས་ ༢༣ ཉིན་༧གོང་ས་མཆོག་ནས་རྒྱ་གར་གྱི་ཡ་མུ་ན་གཙང་པོའི་ཉེ་འགྲམ་གྲོང་ཁྱེར་བཅོམ་བརླག་ (Mathura) ཏུ་གནས་གཟིགས་ལ་ཕེབས་ཏེ། དེར་བཞུགས་ཧིན་དྷུའི་བླ་སློབ་རྣམས་ལ་རྒྱ་གར་གི་གནའ་བོའི་ཆོས་ལུགས་དང་ནང་བསྟན་གྱི་རིག་གཞུང་ཕལ་ཆེར་ལེགས་སྦྱར་གི་སྐད་ཡིག་ནང་ཡོད་སྟབས། སྐད་ཡིག་དེ་ནི་རྩ་ཆེན་ཞིག་ཏུ་རྩི་བཞིན་ཡོད་སྐོར་བཀའ་སློབ་བསྩལ། ཡང་ཟླ་དེའི་ཕྱི་ཚེས་ ༢༥ ཉིན་ལྡི་ལིར་ཡོད་པའི་སེམས་དཔའ་ཆེན་པོ་གྷན་དྷི་མཆོག་གི་མཚམས་ཁང་ཧ་རི་ཇན་སེ་ཝག་སངྒ་ (Harijan Sevak Sangh) རུ་ཚོགས་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་འདུའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། འཛམ་གླིང་གི་ཆོས་ལུགས་གཙོ་གྲས་ཚང་མས་བྱམས་པ་དང་བརྩེ་བ། འཚེ་མེད་ཞི་བའི་སྐོར་བསླབ་བྱ་གསུང་བཞིན་ཡོད་པ་མ་ཟད། བཟང་སྤྱོད་ཀྱི་རིན་ཐང་དེ་དག་ཉིན་རེའི་འཚོ་བའི་ཁྲོད་ཉམས་ལེན་ཐོག་ནས་ཡར་རྒྱས་ཇི་ལྟར་གཏོང་དགོས་པའི་ཐད་དགོངས་བཞེས་གནང་མཁན་ཡིན་པ་གཅིག་མཚུངས་རེད།  འགྲོ་བ་མི་ལ་ཐུན་མིན་ཁྱད་ཆོས་ཤིག་ཡོད་པ་ནི་གཞན་ལ་སྤུན་མཆེད་ཕོ་མོའི་འདུ་ཤེས་འཛིན་ཐུབ་པ་དེ་ཡིན་སྐོར་དང་། རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཡོད་པ་ཙམ་གྱིས་མི་འགྲིག་པར། རྒྱ་གར་གྱིས་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་སྣེ་འདྲེན་དགོས་པའི་བཀའ་སློབ་སྨིན་བསྩལ།

 ཐའེ་ཝན་གྱི་ཆོས་ཞུ་བར་དབུ་མ་རིན་ཕྲེང་གི་བཀའ་ཆོས་བསྩལ།ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མཐུན་ཚོགས་དེའི་ཚོགས་མི་ ༡༡༢༧ གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༦༡ གི་དད་ལྡན་པ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་ ༧༥༠༠ ལྷག་ལ་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་བསྩལ་ཡོད་པ་དང་། གསུང་ཆོས་ཉིན་དང་པོར་༧གོང་ས་མཆོག་ནས་རྒྱ་ནག་སྐམ་ས་ཆེན་མོའི་ནང་ནང་བསྟན་ཉམས་ཆག་ཆེན་པོ་ཕྱིན་པ་མ་ཟད། རིག་གནས་གསར་བརྗེའི་སྐབས་ཆེད་མངགས་མེད་པར་བཟོས་ཡོད་ཀྱང་། ལོ་ངོ་སྟོང་ཕྲག་རིང་གི་གོམས་གཤིས་དང་རིག་གཞུང་ཞིག་ཡིན་སྟབས། མེད་པར་ཆགས་རྒྱུ་ཁག་པོ་ཡིན་སྐོར་གསུངས་ཡོད་པ་དང་། བཀའ་ཆོས་ཀྱི་ཉིན་མཐའ་མར་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནས་སྟངས་དང་འབྲེལ་ནས་ཁོང་གིས། བོད་ནང་གི་རྒྱ་ཆེའི་མི་མང་དེ་དག་ཧ་ལས་པའི་སེམས་ཤུགས་ཆེན་པོ་ཡིན་པ་དང་། དཀའ་ངལ་ག་ཚད་ཆེན་པོ་བྱུང་ན་ཡང་བོད་པ་ཚོ་འཚེ་བ་མེད་པའི་སྒང་ལ་འགྲོ་བསྡད་ཡོད་པ་རེད། བར་སྐབས་ལོ་ཤས་རིང་བོད་མིས་རང་ལུས་མེར་སྲེག་བཏང་ནས་རང་ཤི་རྒྱག་མཁན་མང་ཐག་ཆོད་པ་ཞིག་བྱུང་བ་རེད། སོ་སོའི་སྲོག་བློས་གཏོང་ཐུབ་མཁན་ཞིག་གིས་མི་གཞན་ཕ་རོལ་པོར་གནོད་པ་སྐྱེལ་ཐུབ་པ་ཞིག་རེད། ཡིན་ན་ཡང་། མི་ལ་གནོད་མ་སྐྱེལ་བར་རང་ལུས་མེར་སྲེག་གཏོང་གི་ཡོད་པ་རེད། ད་ལྟ་བར་མི་གྲངས་ ༡༥༠ ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད་པ་རེད། སྙིང་རྗེ། དེ་དག་ལ་སེམས་ཤུགས་ཧ་ལས་པ་ཡོད་ན་ཡང་འཚེ་བ་མེད་པ་ཟེར་བ་དེ་དམ་བཅའ་བརྟན་པོར་ཉར་ནས་མི་ལ་འཚེ་བ་ཁྱོན་ནས་བྱས་མེད་པ་རེད། ཅེས་བཀའ་བསྩལ།

རྒྱ་གར་བྱང་ཕྱོགས་གྱི་སློབ་ཆེན་གཉིས་སུ་ཆིབས་བསྒྱུར་བསྐྱངས། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་ཆི་ཀཱ་རཱ་གཙུག་ལག་སློབ་ཆེན་ (Chitkara University) ནང་ཆིབས་བསྒྱུར་བསྐྱངས་ཏེ། སློབ་ཆེན་དེའི་གོ་ལའི་བདུན་ཕྲག་ཐེངས་ ༡༡ ཞེས་པའི་རྒྱལ་སྤྱིའི་དགེ་ལས་དབར་གྱི་མྱོང་བ་བརྗེ་ལེན་གྱི་འདུ་ཚོགས་དབུ་འབྱེད་གནང་བ་དང་སྦྲགས། རྒྱལ་ཕྱི་ནང་གི་དགེ་ལས་ ༡༢༠༠ བརྒལ་བར་དུས་རབས་སྔོན་མའི་ནང་གྷན་དྷི་མཆོག་ནས་འཛམ་གླིང་ལ་འཚེ་མེད་ཞི་བའི་མིག་དཔེ་བསྟན་ཡོད་པ་ལྟར། དུས་རབས་འདིའི་ནང་རྒྱ་གར་གྱིས་འཛམ་གླིང་འདིའི་ནང་མིའི་ནང་སེམས་ཀྱི་ཞི་བདེ་གོང་འཕེལ་ཐད་ཞབས་འདེགས་ཆེན་པོ་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད་སྐོར་གྱི་བཀའ་སློབ་བསྩལ་ཡོད་པ་རེད། དེ་ནས་ཕྱི་ཚེས་ ༡༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མངའ་སྡེ་དེའི་ཅན་དྷི་གྷར་གཙུག་ལག་སློབ་ཆེན་ (Chandigarh University) དུ་སིག་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ནཱ་ནག་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༥༥༠ འཁོར་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱངས་ཏེ། དེ་གའི་དགེ་སློབ་རྣམས་ལ། དེང་དུས་ཀྱི་སློབ་གསོ་དང་ནང་སེམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་ཀྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གཉིས་མཉམ་འབྲེལ་བྱེད་པའི་ནུས་པ་དེ་རྒྱ་གར་ལ་ཡོད་པས། འཛམ་གླིང་ནང་སྣེ་འཁྲིད་དགོས་སྐོར་གྱི་བཀའ་སློབ་བསྩལ་ཡོད་ཅིང་། གཙུག་ལག་སློབ་ཆེན་དེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕྱི་ལོ་ ༢༠༡༩ ལོའི་འཛམ་གླིང་ཆོས་ལུགས་དབུ་འཁྲིད་ཀྱི་མཚན་སྙན་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་པ་རེད།

 བོད་ཀྱི་ཟློས་གར་ཚོགས་པའི་མཛད་སྒོར་ཕེབས།ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༩ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་ ༦༠ འཁོར་བ་དང་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ། བོད་ཀྱི་ཟློས་གར་ཚོགས་པའི་བོད་ཀྱི་གར་གླུ་རིག་རྩལ་ཁང་གསར་པར་དབུ་འབྱེད་རབ་གནས་གནང་ཡོད་ལ། བོད་ཀྱི་ཟློས་གར་ཚོགས་པས་བཀའ་དྲིན་རྗེས་དྲན་དང་མགོན་པོ་མཆོག་གི་སྐུ་གེགས་མཚན་མ་ཡོད་རིགས་ཞི་ནས། མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་མཚོན་ཕྱིར་སྐུ་རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་གསང་བདག་རྔོན་པའི་སྣང་བརྙན་ཞིག་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་སུ་འབུལ་ལམ་ཞུས་ཡོད་པ་རེད། མཛད་སྒོའི་ཐོག་༧གོང་ས་མཆོག་གིས། ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་རྒྱ་གར་ལ་བསླེབས་སྐབས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་ཀྱང་། ང་ཚོར་བོད་མི་རིགས་ཀྱི་སེམས་ཤུགས་དང་ལྷག་བསམ། སྙིང་སྟོབས་འགྲན་ཟླ་བྲལ་བ་ཞིག་ཡོད་སྟབས་བོད་མི་བཙན་བྱོལ་བ་ཉུང་ཤས་འབྱོར་བ་དེ་ཚོ་ཚང་མས་ཧུར་ཐག་བྱས་ཡོད་པ་དང་། ང་ཚོར་སེམས་ཤུགས་སྐྱེད་པའི་རྒྱུ་གཙོ་བོ་ནི་གཞིས་ལུས་བོད་མི་དེ་དག་ཡིན་པ་དང་། ཁོང་ཚོས་སྲོག་དང་བསྡོས་ནས་བོད་མི་རིགས་ཀྱི་ཐོབ་ཐང་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་བྱས་ནས་ལོ་འདི་དག་གི་རིང་ལ་འབད་བརྩོན་བྱས་ཡོད་པ་དང་། བཙན་བྱོལ་ནང་ཡོད་པའི་བོད་པ་ཚོ་རང་དབང་ལུང་པར་ཡོད་སྟབས། བོད་རྒྱ་ཆེའི་མི་མང་གི་ཚབ་བྱས་ཏེ་འཛམ་གླིང་འདིའི་སྟེང་བོད་དོན་བདེན་པ་ཇི་ལྟར་ཡིན་པ་སྟོན་ཐུབ་པ་ཞིག་དང་། རང་གི་རིག་གཞུང་གཏིང་ཟབ་ཡོད་པ་དེ་མུ་མཐུད་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེན་ཡིན་སྐོར་དང་། བོད་ཀྱི་ཟློས་གར་རིག་གཞུང་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཡིན་སྟབས་དགེ་མཚན་ཆེན་པོ་ཡོད་སྐོར་གྱི་བཀའ་སློབ་ཟབ་མོ་གནང་ཡོད་པ་རེད།

 སེམས་དང་སྲོག་གི་བགྲོ་གླེང་མཛད། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣༠ དང་ཕྱི་ཟླ་ ༡༡ ཚེས་ ༡ བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐྱེ་འཕེལ་རིག་པའི་སློབ་དཔོན་ཌེ་ཝིཌ་སི་ལོན་ཝིལ་སོན་(David Sloan Wilson)ལགས་ཀྱི་དབུས་པའི་ཕྱི་རྒྱལ་གྱི་མིའི་རིགས་རིག་པ་བ་དང་། སྤྱི་ཚོགས་ཚན་རིག་པ་ཁག་གཅིག་དང་ལྷན་དུ་ལོ་འཆར་ཅན་བཞིན་སེམས་དང་སྲོག་གི་བགྲོ་གླེང་ལས་བྱམས་བརྩེ་དང་། ཕན་ཚུན་འབྲེལ་བ། འགྱུར་ལྡོག་བཅས་ཀྱི་སྐོར་ལ་བཀའ་བསྡུར་མཛད་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་བགྲོ་གླེང་དེའི་དམིགས་ཡུལ་གཙོ་བོ་ནི་ཤེས་བྱ་རྒྱ་བསྐྱེད་ཡོང་ཆེད་ཡིན་པ་མ་ཟད། དེང་རབས་ཚན་རིག་གི་རྡུལ་ཕྲན་ལྟ་བུ་ཕྱིའི་འཇིག་རྟེན་གྱི་གནས་ལུགས་ཞིབ་ཕྲ་རྟོགས་རྒྱུར་ལེགས་གྲུབ་ཆེན་པོ་བྱུང་ཡོད་ཀྱང་། ནང་སེམས་ཀྱི་འཇིག་རྟེན་གྱི་ཤེས་བྱའི་ཐད་འདང་གི་མེད་སྟབས། བགྲོ་གླེང་བརྒྱུད་ཤེས་ཐབས་བྱེད་དགོས་སྐོར་དང་། ཕྱིའི་དངོས་པོའི་ཡར་རྒྱས་ཚད་མཐོན་པོར་སོན་ཡོད་ན་ཡང་། དབུལ་ཕྱུག་གི་ཁྱད་པར་དང་འཚེ་སྤྱོད་སོགས་པའི་དཀའ་ངལ་ད་དུང་མུ་མཐུད་འབྱུང་བཞིན་ཡོད་པས། མིའི་ནང་སེམས་ཀྱི་བདེ་སྐྱིད་དང་ཞི་བདེའི་ཐད་ཤུགས་རྒྱག་དགོས་སྐོར་གྱི་གསུང་གླེང་མཛད།

རྒྱུད་ཆེན་རྡོ་རྗེ་འཆང་གི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བསྐྱངས། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་སའི་ཉེ་འཁྲིས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཏེ། རྒྱུད་གྲྭ་ཕྱག་འདེབས་པ་པོ་རྒྱུད་ཆེན་རྡོ་རྗེ་འཆང་༧རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༦༠༠ ཧྲིལ་པོ་འཁོར་བ་སོགས་རྒྱུད་ཆེན་ཡབ་སྲས་གསུམ་གྱི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཚོགས་པ་དང་འབྲེལ། ཉིན་གྲངས་གསུམ་རིང་གི་རྒྱུད་འགྲེལ་ཆེན་མོའི་སྔགས་ཀྱི་བགྲོ་གླེང་དབུ་འབྱེད་གནང་། དེ་བཞིན་སྟོད་རྒྱུད་གྲྭ་ཚང་དང་རྒྱུད་ཟུར་མཐུན་འབྲེལ་ཚོགས་པ་ཐུན་མོང་ནས་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། མཛད་སྒོའི་ཐོག་༧གོང་ས་མཆོག་གིས། དེ་སྔ་གངས་ཅན་ཕན་བདེ་ལེགས་བཤད་གླིང་དང་རྒྱུད་གྲྭ་སྨད་སྟོད་ཀྱི་སྐྱེས་རབས་པ་ཚོས་མཚན་ཉིད་གཞུང་ལ་ལྟ་ཡི་ཡོད་པ་མ་རེད། ངོས་རང་རྒྱ་གར་ལ་བསླེབས་རྗེས་དཔེ་ཆར་བལྟ་དགོས་པའི་འབོད་སྐུལ་ཞུས་ཏེ། ཁྱེད་རང་ཚོ་ཡིན་ནའང་ངོས་ཀྱིས་འབོད་སྐུལ་ཞུས་པ་བཞིན་དང་ལེན་བྱས་ནས་ཨུ་ཚུགས་བརྒྱབ་ནས་མཚན་ཉིད་ལ་ལྟ་བ་སོགས་གནང་བ་རེད། དེ་བས་རྒྱུད་གྲྭ་སྨད་སྟོད་གཉིས་ཀས་མཚན་ཉིད་སློབ་ཀྱི་ཡོད་པ་དེ་གང་ལྟར་ཡར་རྒྱས་རེད། གསང་བ་འདུལ་བའི་རྒྱུད་གཞུང་བཏོན་ཏེ་གསང་བ་འདུལ་བའི་ཟབ་གནད་ཤེས་དགོས་བྱུང་ན། མཐར་གཏུགས་ན་བྱང་ཆུབ་ཀྱི་སེམས་དང་གཙོ་བོ་ནི་སྟོང་ཉིད་ཀྱི་ལྟ་བའི་སྒང་ལ་འགྲེལ་གྱི་ཡོད་པ་རེད། མདོ་ཕྱོགས་ནས་གསུངས་པའི་དབུ་ཚད་ཀྱི་གཞུང་དང་དབུ་འཕར་གྱི་གཞུང་དེ་ཚོ་ལ་ལྟ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་འདུག་པས། ཁྱེད་རང་ཚོས་ད་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཧུར་ཐག་བྱེད་དགོས་རེད། རྗེ་རིན་པོ་ཆེས་བསྟན་པའི་གནད་ལ་ངེས་པ་བརྟན་པོ་འཚོལ་ཞེས་ཇི་ལྟར་གདམས་པ་བཞིན། ང་ཚོས་དེ་ལག་ལེན་ལ་འཁེལ་ནས་བྱས་པ་ཡིན་ན་རྗེ་རིན་པོ་ཆེའི་བསྟན་པ་འཛིན་མཁན་ངོ་མ་དེ་ཆགས་ཀྱི་ཡོད་པ་རེད། ཅེས་སོགས་གསུངས་ཡོད་པ་རེད།

ཉིན་གྲངས་གསུམ་རིང་ཤེས་རབ་སྙིང་པོའི་བཀའ་ཆོས་བསྩལ། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་སྔར་ཞུས་བཞིན། ཀོ་རི་ཡའི་ཆོས་ཞུ་བ་ ༦༠༠ ཙམ་གཙོ་བོར་གྱུར་བའི་རྒྱལ་ཁབ་འདྲ་མིན་ ༦༠ ལྷག་གི་དད་ལྡན་དོན་གཉེར་ཅན་སེར་སྐྱ་ཕོ་མོ་ ༦༠༠༠ ལྷག་ལ་ཤེས་རབ་སྙིང་པོའི་ཆོས་འབྲེལ་གནང་སྐབས། བཅོམ་ལྡན་འདས་ཀྱིས་ངས་བཤད་པའི་ཆོས་འདི་ལ་དགེ་སློང་དང་མཁས་དབང་ཚོས་བཅོམ་ལྡན་འདས་ཀྱི་བཀའ་རེད་ཅེས་དད་པ་བྱས་ནས་ཡིད་ཆེས་བྱེད་དགོས་མ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ལ་ཁྱེད་རང་ཚོས་བརྟག་དཔྱད་བྱོས། བརྟག་དཔྱད་དང་ཚོད་ལྟ་བྱས་པའི་ཐོག་ནས་ཕན་ཐོགས་ཡོད་པ་དེ་དག་ཚུར་ལག་ཏུ་ལེན། གལ་ཏེ་དེ་ཙམ་གྱིས་དགོས་པ་གང་ཡང་མ་མཐོང་ཚེ་ཁས་ལེན་བྱེད་མི་དགོས། ཞེས་པ་འདིས་སྟོན་པ་ཤཱཀྱ་ཐུབ་པ་འདི་ཉིད་ནི་སྟོན་པ་འདྲ་འདྲའི་ནང་ནས་ཕལ་ཆེར་མི་འདྲ་བ་ཞིག་རེད་འདུག ཅེས་གསུངས་ཡོད་པ་དང་། བཀའ་ཆོས་ཀྱི་ཉིན་མཐའ་མར་ཆོས་ཞུ་བ་རྣམས་ཀྱིས་ཁ་འདོན་དང་སྨོན་ལམ་བརྒྱབ་པ་ཙམ་གྱིས་གནམ་འཕང་གཅོད་མི་ཐུབ་པར། དཔེ་ཆར་ལྟ་རྒྱུ་གལ་ཆེན་ཡིན་སྐོར་དང་། སོ་སོའི་རང་ཡུལ་དུ་ལོག་རྗེས་རང་གི་དགའ་ཉེ་སྤུན་མཆེད་རྣམས་ལ་ཡང་དེ་ལྟར་གདམས་དགོས་སྐོར་གསུངས།

ཧི་མ་ཅལ་གྱི་གཞུང་འཛིན་པར་མཇལ་འཕྲད་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ ཉིན་ཧི་མ་ཅལ་མངའ་སྡེའི་གཞུང་འཛིན་པ་སྐུ་ཞབས་བྷན་དྷ་ར་དྷ་ཏ་ཏི་རེ་ཡ་(Bandara Dattatreya) བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ལ་དེང་རབས་ཚན་རིག་པས་དོ་སྣང་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། རྒྱ་གར་གྱི་རིག་གཞུང་དེས་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་རྒྱ་ཆེན་སྒྲུབ་ཐུབ་པས། མགོན་པོ་གང་ཉིད་ནས་རིག་གཞུང་དེ་ཉིད་རྒྱ་གར་ནང་སླར་གསོ་ཡོང་ཐབས་མཛད་བཞིན་ཡོད་སྐོར་དང་། རྒྱ་ནག་གི་ཉམས་ཞིབ་པ་ཁག་གཅིག་གིས་དེང་སྐབས་རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད་པ་དང་། སྐབས་རེར་རྒྱ་ནག་དམར་ཤོག་གི་ཚེ་ཚད་ལས་མགོན་པོ་གང་གི༸སྐུ་ཚེ་རིང་བར་བཞུགས་ཐུབ་རྒྱུའི་ཐུགས་རེ་མཛད་ཀྱི་ཡོད་ལ། རྒྱ་ནག་ནང་འགྱུར་བ་ཏན་ཏན་ཡོང་རྒྱུ་ཡིན་སྐོར་གྱི་བཀའ་སློབ་བསྩལ་ཡོད་འདུག

 ནང་པ་ཁྲི་ལྔ་ལྷག་ལ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བསྩལ། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༠  ཉིན་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས། ལྡི་ལིའི་སན་ཊི་ཀོ་ལམ་བྷ་སློབ་གྲྭར་ཁུལ་དེའི་སློབ་གྲྭ་ཁག་ ༢༠ ཡི་སློབ་ཕྲུག་གཙོས་པའི་མི་གྲངས་ ༥༠༠༠ བརྒལ་བར་ཁོང་ཁྲོ་དང་སེམས་ཁྲལ་ལས་ཐར་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་དང་། དེ་བཞིན་ཕྱི་ཚེས་ ༢༡ ཉིན་ལྡི་ལིར་ཡོད་པའི་རྒྱལ་སྤྱིའི་བསྟི་གནས་ཁང་དུ་ཚོགས་པའི་རྒྱ་གར་གྱི་སྲིད་འཛིན་དམ་པ་སར་ཝེ་པཱ་ལི་རཱ་དྷ་ཀྲི་ཤི་ནན་ (Dr.Sarvepalli Radhakrishnan) མཆོག་གི་རྗེས་དྲན་གཏམ་བཤད་མཛད་སྒོའི་སྟེང་། རྒྱ་གར་གྱི་གནའ་བོའི་ནང་སེམས་བཅོས་ཐབས་ཀྱི་རིག་གཞུང་དེ་སླར་གསོ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གྱི་བཀའ་སློབ་བསྩལ་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་ལྡི་ལི་ནས་རྒྱ་གར་མ་ཧཱ་ར་སི་ཏྲ་མངའ་སྡེའི་གྲོང་ཁྱེར་ཨོ་རངྒ་བྷཌ་ (Aurangabad) ལ་ཆིབས་བསྒྱུར་བསྐྱངས་ཏེ། ཕྱི་ཚེས་ ༢༥ ཉིན་གྲོང་ཁྱེར་དེའི་ལོ་ཀུ་ཏཱ་ར་རྒྱལ་སྤྱིའི་དགེ་སློང་སྦྱོང་བརྡར་ཁང་དུ་གནས་བསྟན་སྡེ་པའི་དགེ་སློང་ ༡༥༠ ལྷག་ལ་བླང་དོར་གྱི་བཀའ་སློབ་གནང་སྐབས། མགོན་པོ་གང་ཉིད་ཀྱིས་ཐེག་ཆེན་དང་ཐེག་དམན་ཞེས་པའི་ཐ་སྙད་དེ་སྤྱོད་ཀྱི་མེད་པ་དང་། གནས་བརྟན་སྡེ་པའི་གཞུང་རྣམས་པཱ་ལི་དང་ནཱ་ལེནྡྲའི་གཞུང་རྣམས་ལེགས་སྦྱར་ཡི་གེའི་ནང་ཡོད་སྐོར་དང་། སངས་རྒྱས་ཀྱིས་བདེན་བཞིའི་ཆོས་འཁོར་དང་། འདུལ་བའི་གཞུང་། བདེན་བཞི་མི་རྟག་པ་བཅུ་དྲུག་སོགས་ནི་ནང་པའི་གཞུང་གི་རྨང་གཞི་ཡིན་སྐོར་གྱི་བཀའ་སློབ་བསྩལ་ཡོད་པ་རེད། དེ་ནས་ཕྱི་ཚེས་ ༢༦ ཉིན་༧གོང་ས་མཆོག་གྲོང་ཁྱེར་དེའི་ལུས་སྦྱོང་མཐོ་སློབ་(PES College of Physical Education) ཏུ་ནང་པ་ཁྲི་ལྔ་ལྷག་ལ་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་གནང་སྐབས། རྒྱ་གར་གྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་དམ་པ་ཨེམ་བྷེཌ་ཀར་མཆོག་གིས་ཕྱི་ལོ་ ༡༩༥༦ ལོར་ནཱག་པུར་གྲོང་ཁྱེར་དུ་རྒྱ་གར་ཡུལ་མི་འབུམ་ལྔ་ཙམ་ནང་པར་བསྒྱུར་བ་དང་། དམ་པ་ཁོང་ལ་བརྟེན་ནས་རྒྱ་གར་ནང་ནང་ཆོས་ཉམས་པ་སླར་གསོ་བྱུང་ཡོད་སྐོར་གྱི་བཀའ་སློབ་ཟབ་མོ་བསྩལ་ཡོད་པ་རེད།

ཀིརྟིའི་བྱེས་པ་གྲྭ་ཚང་གི་མཛད་སྒོར་ཆིབས་བསྒྱུར་བསྐྱངས། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བྱེས་པ་གྲྭ་ཚང་ཕྱག་བཏབས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་དང་། མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་སྐོར་གྱི་ཉིན་གསུམ་རིང་གི་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་དང་། མཛད་སྒོའི་སྟེང་༧གོང་ས་མཆོག་གིས། བོད་མིས་སྐད་ཡིག་གཞན་ལ་བརྟེན་མི་དགོས་པར་བོད་ཡིག་རྐྱང་པའི་ཐོག་ནས་ཚད་མ་ལ་སོགས་པའི་གཞུང་མང་པོ་ཞིག་འགྲེལ་བཤད་ཡག་པོ་རྒྱག་ཐུབ་ཀྱི་ཡོད་པ་དང་། དབྱིན་ཡིག་གིས་དེ་ལྟར་ཐུབ་ཀྱི་མེད་ཅིང་ལེགས་སྦྱར་ནི་དེང་སང་ཤི་ཟིན་པའི་སྐད་ཡིག་ཁོངས་སུ་ཡོད། དེ་ལྟར་བསམ་བློ་བཏང་བ་ཡིན་ན་བོད་ཡིག་བོད་སྐད་གཞི་ནས་ཡིད་དབང་འཕྲོག་པ་ཞིག་དང་། ཚད་མ་རིག་པ་དང་ལྟ་གྲུབ་དེ་དག་ཞིབ་ཚགས་པོས་འགྲེལ་བཤད་དགོས་ན་བོད་ཡིག་མེད་ན་ཡོང་ཐབས་མེད་པར་བརྟེན། སྐད་ཡིག་དེ་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་རེད་ལ། ལྟ་གྲུབ་དང་ཚད་མ་རིག་པའི་སྐོར་ནས་བོད་ཡིག་དེ་འཛམ་གླིང་ནང་གལ་ཆེན་པོ་ཡིན་པ་ཞིག་མངོན་ཡོང་གི་ཡོད་དུས། བོད་མི་རིགས་ལ་སེམས་ཤུགས་སླེབ་ཐབས་སུ་ཡང་ཕན་ཐོགས་ཡོད་བསྡད་པ་ཞིག་ཡིན། ཅེས་གསུངས་ཡོད་པ་དང་། མཛད་སྒོའི་ཐོག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་མཛད་པའི་དགོན་སྡེ་གྲྭ་བཙུན་ཁག་ལ་ཆེད་དམིགས་རྩོམ་སྒྲིག་མཛད་པའི་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་གྲྭ་དགུ་པའི་བར་གྱི་སློབ་དེབ་བློ་གསལ་མགུལ་རྒྱན་ཞེས་པ་དེ་ཡང་དབུ་འབྱེད་གནང་ཡོད་པ་རེད།

 རྒྱ་གར་ལྷོ་ཕྱོགས་སུ་ཟླ་ཕྱེད་ཙམ་རིང་མཛད་པ་བསྐྱངས།རྒྱ་གར་ལྷོ་ཕྱོགས་གྷོ་ཝ་མཐོ་སློབ་ཀྱིས་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༡ ཉིན་ཀཱ་ལཱ་རིག་གཞུང་ལྟེ་གནས་ཁང་ (Kala Academy) གི་དགེ་ལས་ཡོངས་ལ་འགྲོ་བ་མིའི་རིགས་ཐེར་འབུམ་བདུན་རྣམས་མའི་མངལ་ནས་སྐྱེ་ཚུལ་ནས་འཆི་ཚུལ་བར་གཅིག་པ་ཡིན་པ་དང་། སེམས་བཟང་པོས་སྤྱི་ཚོགས་ནང་ཞི་བདེའི་ཁོར་ཡུག་བསྐྲུན་ཐུབ་ཀྱི་ཡོད་སྐོར་གྱི་བཀའ་སློབ་བསྩལ། དེ་ནས་ཕྱི་ཚེས་ ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་འབྲས་སྤུངས་སུ་ཆིབས་ཞབས་བསྒྱུར་ཏེ། ཕྱི་ཚེས་ ༡༤ ཉིན་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་དངོས་གཞི་ལག་བསྟར་རིམ་པ་མཇུག་བསྒྲིལ་སྟེ་རྒྱུན་འཁྱོང་རིམ་པར་འཇུག་པའི་མཚམས་སྦྱོར་མཛད་སྒོར་དབུ་བཞུགས་ཀྱིས་དཔལ་ནཱ་ལེནྜའི་པཎ་སྒྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། ལྕང་སྐྱ་རོལ་བའི་རྡོ་རྗེའི་ལྟ་བའི་གསུང་མགུར་ཟབ་མོ་བཅས་ཀྱི་ཆོས་འབྲེལ་བསྩལ་ཡོད། སྐབས་དེར་༧གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་དང་ཚན་རིག་གཉིས་ཟུང་འབྲེལ་བྱས་ཐུབ་ན་གཉིས་ཕན་ཡིན་སྐོར་བཀའ་སློབ་བསྩལ། ཕྱི་ཚེས་ ༡༥ ཉིན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་རྩོད་རྒྱུགས་ལས་རིམ་ཐོག་དབུ་བཞུགས་མཛད། ཕྱི་ཚེས་ ༡༦ ཉིན་༧གོང་ས་མཆོག་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རའི་ནང་ཆོས་ཞུ་བ་ཁྲི་བརྒལ་བར་རྗེ་ཚེ་འཛིན་མའི་ཚེ་དབང་བཀའ་དྲིན་བསྐྱངས། ཕྱི་ཚེས་ ༡༧ ཉིན་འབྲས་སྤུངས་བློ་གསལ་གླིང་གི་གཙུག་ལག་ཁང་དུ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་ ༦༠༠ དང་།  རྒྱལ་ཚབ་དར་མ་རིན་ཆེན་མཆོག་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་ ༦༠༠ འཁོར་བ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཏེ་ལོ་ ༦༠ འཁོར་བར་རྗེས་དྲན་ཆེད་གོ་སྒྲིག་བྱས་པའི་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། སངས་རྒྱས་ཀྱི་བསྟན་པ་ཞེས་པ་དེ་མི་ཚེ་གཅིག་གི་སྐད་ཆ་མིན་པར་མི་རབས་ནས་མི་རབས་བརྒྱུད་ལོ་བརྒྱ་ཕྲག་བར་འཛིན་སྐྱོང་བྱ་དགོས་སྐོར་གྱི་བཀའ་སློབ་ཟབ་མོ་བསྩལ། ཡང་ཟླ་དེའི་ཕྱི་ཚེས་ ༢༠ ཉིན་དགའ་ལྡན་བླ་སྤྱི་རུ་རྗེ་ཙོང་ཁ་པའི་འདས་ལོ་ ༦༠༠ ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཕེབས།  ཕྱི་ཚེས་ ༢༡ ཉིན་༧གོང་ས་མཆོག་དགའ་ལྡན་བླ་སྤྱིར་དགའ་ལྡན་ལྔ་མཆོད་ཆེན་མོའི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཏེ། ལྟ་གྲུབ་ཀུན་བཏུས་པོད་གསུམ་དང་ཚན་རིག་ལྟ་གྲུབ་ཀུན་བཏུས་བསྡུས་པ་པོད་གཅིག་བཅས་ཞལ་འབྱེད་གནང་། ཕྱི་ཚེས་ ༢༢ ཉིན་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་གཙུག་ལག་ཁང་དུ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས་བཅས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། ངོས་ནས་ཕན་པ་འདི་སྤྱིར་ནམ་མཁའ་མ་ཟད་བར་དང་། སྒོས་སུ་ད་ལྟ་ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཐོགས་གང་འཚམ་བྱེད་ཐུབ་ཀྱི་ཡོད་སྟབས། ལོ་བརྒྱ་དང་བཅུའམ་བཅོ་ལྔ་གནས་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད། ཁྱེད་རང་ཚོ་ཡིན་ནའང་སྨོན་ལམ་རྒྱོབས། ཞེས་བཀའ་བཞེས་བཟང་པོ་བསྩལ། ཕྱི་ཚེས་ ༢༣ ཉིན་༧གོང་ས་མཆོག་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་དམ་གཟིགས་དང་གཞུང་ཆེན་རྩོད་རྒྱུགས་བཞེས་པ་སོགས་ལྷོ་ཕྱོགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས། ཟླ་དེའི་ཕྱི་ཚེས་ ༢༤ ཉིན་མཁའ་ལམ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས།

གནས་ཚུལ་ཕྱོགས་སྒྲིག་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༢༧

Leave a Reply