ཆོས་དབྱངས་སྒྱུ་རྩལ་བ་གྲགས་ཅན་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ལགས་ལ་བཅར་འདྲི།

འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་“ང་ཡི་བཙན་བྱོལ་བ་”ཡི་བལ་ཡུལ་ནང་གི་སྐོར་སྐྱོད་སྐབས་དང་བསྟུན། བོད་ཀྱི་ཆོས་དབྱངས་སྒྱུ་རྩལ་བ་གྲགས་ཅན་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་ཡོད། དྲི་བ། སྤྱིར་བཏང་ཨ་ནེ་ལགས་བོད་པའི་སྤྱི་ཚོགས་ཙམ་མ་ཟད། འཛམ་གླིང་ནང་དུའང་གང་ལ་གང་འཚམ་རྒྱུས་མངའ་ཡོད་པའི་བོད་མི་ཞིག་ཆགས་ཡོད་པ་རེད། ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན།  ང་སྐྱེ་ས་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་ཡིན་ལ། འཚར་ལོངས་བྱུང་ས་ཡང་བལ་ཡུལ་རང་ཡིན། མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འགྲམ་དུ་ལོ་ ༡༣ བར་བསྡད་པ་ཡིན། དེ་ནས་ཡར་༧སྐྱབས་རྗེ་སྤྲུལ་སྐུ་མཁན་རིན་པོ་ཆེའི་བཙུན་དགོན་སྣང་དགེ་དགོན་པའི་རི་ཁྲོད་དུ་སྐྱབས་ཞུས་པ་ཡིན། ངའི་ཕ་མ་གཉིས་བོད་ནས་རྒྱ་གར་ནང་ཕེབས་པ་དང་རྒྱ་གར་ནས་བལ་ཡུལ་ནང་གཞིས་ཆགས་པ་རེད།དྲི་བ། ད་ལྟ་ཨ་ནེ་ལགས་རྒྱལ་སྤྱིའི་སྟེང་ངོས་འཛིན་ཡོད་པའི་ཆོས་དབྱངས་སྒྱུ་རྩལ་བ་ཞིག་ཆགས་བསྡད་ཡོད་པ་དང་ཐོག་མར་ཨ་ནེ་ལགས་ནས་ཆོས་དབྱངས་འདོན་སྒྲ་དེ་གནས་སྟངས་ག་འདྲ་ཞིག་གི་ཁྲོད་ནས་མགོ་འཛུགས་གནང་བ་རེད།
ལན། ཆོས་དབྱངས་མགོ་འཛུགས་སྟངས་དེ་ཐོག་མར་ང་ཨ་ནེ་དགོན་པའི་རི་ཁྲོད་དུ་བསྡད་ཡོད་པའི་སྐབས། ང་ཚོས་ཆོ་ག་ཕྱག་ལེན་བྱས་ཏེ་གདངས་དང་དབྱངས་ཤེས་དགོས་ཀྱི་ཡོད་པ་རེད། ངས་རང་གི་ཤེས་པའི་གདངས་དབྱངས་དེ་ཅུང་ཙམ་སྙན་ཆ་ལྡན་པའི་དབྱངས་རྟའི་ཐོག་འཐེན་ཡོང་དུས་མི་གཞན་གྱིས་དགའ་མོས་བྱེད་ཀྱི་འདུག ཉིན་ཞིག་ཨ་རིའི་རོལ་མོ་མཁན་ཁག་ཅིག་འདིར་ཡོང་སྟེ་ཁོ་རང་ཚོས་ངའི་ཆོས་དབྱངས་ལ་དགའ་པོ་བྱེད་བཞིན་འདུག་ལ། སྒྲ་ཕབ་བྱེད་དུ་འཇུག་རོགས་ཟེར་གྱི་འདུག ངས་འགྲིག་གི་རེད་ལབ་པ་ཡིན། ཁོ་ཚོས་སྒྲ་ཕབ་དེ་ཨ་རིར་འཁྱེར་ནས་རོལ་མོའི་ཡོ་བྱད་འདྲ་མིན་མཉམ་དུ་བསྲེ་སྦྱོར་བྱས་ནས་བཟོས་པ་དང་། ཨ་རིའི་རོལ་དབྱངས་ཉོ་ཚོང་བཟོ་སྐྲུན་ཁང་མང་པོ་ཞིག་གིས་ཉོས་ཡོད་འདུག རོལ་དབྱངས་དེ་དུས་སྟོན་མང་པོའི་ཐོག་ཁྱབ་བརྡར་ཕྱིན་པ་ལ་བརྟེན་ནས། ངའི་སྒྲ་ཕབ་ལེན་མཁན་རོལ་མོ་བ་དེས་ང་ལ་ཁྱོད་ཨ་རིར་ཡོང་འདོད་ཡོད་དམ། རོལ་དབྱངས་སྐོར་སྐྱོད་བྱེད་འདོད་ཡོད་དམ་ཟེར་ནས་སྐད་ཆ་དྲིས་བྱུང་། དེ་དུས་ང་རང་ཨ་རིར་སོང་མྱོང་མེད་སྟབས། འཆམ་འཆམ་ལ་ཡོང་གི་ཡིན་ལབ་སྟེ། ཕྱི་ལོ་ ༡༩༩༨ ལོ་ནས་བཟུང་སྡིངས་ཆའི་སྒང་ལ་ཆོས་དབྱངས་འདོན་པའི་མགོ་བཙུགས་པ་དང་། དུས་རྒྱུན་མ་ཎིའི་དབྱངས་དང་ཚོགས་གླུ། གསོལ་འདེབས་དང་སྨོན་ལམ། དེ་བཞིན་མགུར་སོགས་ང་རང་ཚོའི་གདངས་དབྱངས་དེ་འདྲ་གྱེར་བཞིན་ཡོད། དྲི་བ། ཨ་ནེ་ལགས་ནས་ད་བར་ཆོས་དབྱངས་ག་ཚོད་ཅིག་འཐེན་ཡོད་དམ།
ལན། བལ་ཡུལ་སྐད་ནང་ཨ་ཀ་མ་ཞེས་སེམས་ཙམ་པའི་ལྟ་བའི་ཐོག་གཞས་གོ་བདེ་པོ་ཞིག་ཡོད། དེ་སྐད་གྲགས་ཆེ་ཤོས་ཤིག་རེད། ཁ་སང་དེ་རིང་བལ་ཡུལ་གྱི་མི་འཛམ་གླིང་ས་ཕྱོགས་གང་དུ་ཕྱིན་ཡང་རྒན་དར་གཞོན་གསུམ་ཚང་མས་གཞས་དེར་དགའ་པོ་བྱེད་ཀྱི་ཡོད། གཞས་དེར་མི་དགའ་མཁན་ཧ་ལམ་དཀོན་པོ་རེད། གཞས་དེའི་ནང་དོན་ནི་སེམས་ཙམ་པའི་སྐོར་རེད། གཞན་གྱི་ལྟ་བར་ངོས་འཛིན་བྱེད་སྟངས་དང་ང་ཚོས་དག་སྣང་ཐོག་ནས་བལྟས་པ་ཡིན་ན་གྲུབ་འབྲས་སྨིན་པ་དང་མ་དག་པའི་ཐོག་ནས་བལྟས་པ་ཡིན་ན་དེ་མཚུངས་ཀྱི་འབྲས་བུ་སྨིན་གྱི་རེད་ཟེར་གྱི་ཡོད། སངས་རྒྱས་ཀྱི་གསུང་རང་རེད། གཞས་ཚིག་ནང་། དུས་རྟག་ཏུ་སེམས་རྣམ་དག་ཡོང་བར་ཤོག ངས་བཤད་བཞིན་པའི་ཚིག་དེ་ཆོས་ཀྱི་སྙིང་བོ་འཛིན་པའི་ཚིག་ཡིན་པར་ཤོག གཞན་ལ་ཕན་ཐོགས་པ་དང་ཤེས་རབ་ཀྱི་ཚིག་ཡིན་པར་ཤོག ཐ་ན་ངའི་རྐང་པས་འབུ་གཅིག་ཀྱང་མི་གསོད་པར་ཤོག ཅེས་སོགས་སྨོན་ལམ་འདི་འདྲ་ཞིག་རེད་ལ། གཞས་དོན་དང་ལྡན་པ་འདི་འདྲ་བ་ཞིག་དཀོན་པོ་རེད་ལབ་ན་སྤོར་ཤོབ་ཆགས་ཀྱི་ཡོད་མོད། གཞས་དེ་འདྲ་ཞིག་རེད། དེ་མ་ཡིན་པའི་གཟུངས་སྔགས་ཐོག་ནས་ངས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ཆོས་དབྱངས་འཐེན་ཡོད། དམིགས་བསལ་དེང་སང་རྒྱ་རིགས་ཚོ་ཆོས་སྒོར་ཞུགས་ཀྱི་ཡོད་པའི་དུས་རེད། ཁོ་ཚོས་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་བྱིན་རླབས་ཆེན་པོ་ཚོར་གྱི་ཡོད་པ་འདྲ། དེ་ལ་སེང་གྷ་པོར་དང་མ་ལི་ཞི་ཡ། ཐའེ་ལན་ཌི་སོགས་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་ནང་དགའ་མོས་བྱེད་མཁན་འདུག དེ་ཙམ་མ་ཟད། དེང་སང་ཁ་ཆེའི་ལུང་པ་ཁག་གི་ནང་དུའང་ང་མགྲོན་འབོད་གནང་གི་འདུག དེ་ཡང་མང་ནས་མང་དུ་འགྲོ་ཡི་འདུག ཉེ་ཆར་རང་ཁ་ཛཱག་སིན་ཐན་(Kazakhstan) དུ་ཕྱིན་པ་ཡིན། དེའི་སྔོན་དུ་ཨ་བྷོ་ཌ་བྷི་(Abu Dhabi)རུ་ཕྱིན་པ་ཡིན། གུ་རུ་རིན་པོ་ཆེའི་བྱིན་གྱིས་རླབས་པ་གང་ཡིན་མ་ཤེས་ཏེ། ཁ་ཆེའི་ལུང་པའི་ནང་དུའང་ངའི་ཆོས་དབྱངས་ལ་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་ཡི་འདུག སྲིན་འབུ་འདུར་བའི་དུས་ལ་བསླེབ་ཡིན་པ་འདྲ། ཀུ་རེ་ཡིན། ངའི་སྐྱབས་རྗེ་མཁན་སྤྲུལ་རིན་པོ་ཆེས་ཆོས་ཀྱི་དབྱངས་དེ་ཐོས་པ་ཙམ་གྱིས་ཐོས་གྲོལ་ཟེར་ནས་ཐོས་པ་ཙམ་གྱི་གྲོལ་འགྲོ་བའི་བྱིན་རླབས་རྒྱ་ཆེན་པོ་ཡོད་རེད། དེར་བརྟེན། ཁྱེད་རང་སེམས་སྐྱེད་རྒྱ་ཆེན་པོ་སྐྱེད་ཅིག་གསུངས་སོང་ལ། ང་དེ་ག་རང་ལ་ཡིད་ཆེས་ཡོད།དྲི་བ། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཆོས་སྒྲ་གླུ་རུ་ལེན་པ་ཟེར་དུས་ལྟ་སྟངས་ངན་པ་འཛིན་མཁན་ཡོང་གི་ཡོད་པ་རེད། དེའི་ཐོག་དགོངས་ཚུལ་ག་འདྲ་ཡོད་དམ།
ལན། དེ་འདྲ་བཤད་མཁན་རེ་ཟུང་བྱུང་གི་ཡོད་པ་རེད། ངས་ཐོག་མར་ཆོས་དབྱངས་འཐེན་ཡོང་དུས། ང་ལ་སྐྱོན་བརྗོད་བྱེད་མཁན་ཁག་ཅིག་བྱུང་བ་རེད། འོན་ཀྱང་། སྙིང་རྗེ་ཁོ་ཚོར་བསམ་རྒྱ་ཆུང་ཆུང་ཞིག་ལས་མེད་པ་རེད། ཁོ་རང་ཚོའི་དེ་ཁོ་རང་ཚོ་རང་གི་བསམ་ཚུལ་ཡིན་དུས། མིའི་བསམ་ཚུལ་ངས་འགྲིག་གི་མ་རེད་ཞུ་ཡི་མེད་ལ་འགྲིག་གི་རེད་ཅེས་ཞུ་ཡི་མེད། ངས་བྱེད་བཞིན་པ་ནི་དོན་དང་ལྡན་པ་ཞིག་བྱེད་དགོས་བསམ་པའི་ཀུན་སློང་འཁྱེར་ནས་བྱེད་བཞིན་ཡོད། བློ་རྩེ་གཅིག་ཏུ་དཀོན་མཆོག་གསུམ་ལ་དད་པ་དག་སྣང་སྐྱབས་སུ་སོང་ནས་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་ཞིག་ཐོགས་ན་བསམ་ནས་འགྲོ་ཡི་ཡོད། ངས་བརྩོན་འགྲུས་དེ་ག་རང་བྱས་ནས་འགྲོ་ཡི་ཡོད་ལ། ངས་བརྩོན་འགྲུས་བྱས་ནས་འདི་ཐོབ་ཡོད། ཕ་གི་བྱས་ཡོད་ཟེར་རྒྱུ་དེ་འདྲ་མེད།

དྲི་བ། ཨ་ནེ་ལགས་ག་དུས་ཤིག་ནས་བཟུང་མིང་གྲགས་ཆགས་པ་རེད།
ལན། སྤྱིར་བཏང་ང་ཨ་རིར་ཕྱིན་པའི་ལོ་དེར་རོལ་དབྱངས་དུས་སྟོན་དེ་ཚོ་ཆུང་ཆུང་དེ་འདྲ་མ་ཡིན་པར་དུས་སྟོན་ཆེན་པོ་རྐྱང་རྐྱང་རེད། སྐབས་དེར་ཨ་རིའི་ཚགས་པར་ཁང་དང་རླུང་འཕྲིན་ཁང་མང་པོ་ཞིག་གི་ནང་ཁྱབ་བསྒྲགས་བྱུང་བ་རེད།  དེ་དུས་ནས་ང་རོལ་དབྱངས་འཐེན་མཁན་ཞིག་ཡིན་པའི་ངོ་སྤྲོད་བྱུང་བ་རེད། དེའི་རྗེས་ལ་ཕྱི་ལོ་ ༢༠༠༣ ལོར་བལ་ཡུལ་ནང་བལ་སྐད་ཐོག་ཆོས་དབྱངས་མགོ་འཛུགས་བྱས་ཡོང་དུས། བལ་ཡུལ་ནང་ཁྱབ་བསྒྲགས་ཕྱིན་ཏེ་ངོ་སྤྲོད་བྱུང་བ་རེད།དྲི་བ། ཨ་ནེ་ལགས་ནས་ཆོས་དབྱངས་གྱེར་དུས་སེམས་ལ་ག་རེ་སྒོམ་གྱི་ཡོད།
ལན། ང་རང་ཨ་ནེ་ཞིག་ཡིན་པ་དང་ཆོས་པ་ཞིག་ཡིན་པའི་ཆ་ནས། ང་རང་ཚོས་ཆོས་དབྱངས་འཐེན་སྐབས། དད་པ་དག་སྣང་གི་སྒོ་ནས་འཐེན་གྱི་ཡོད་པ་མ་གཏོགས། གཞས་གཏོང་གི་ཡོད་པའི་ཀུན་སློང་ཁྱོན་ནས་ཡོད་པ་མ་རེད། གང་ཡིན་ཟེར་ན། རྩ་བའི་བླ་མའི་བཀའ་དྲིན་གྱིས་ང་ཚོ་འཚར་ལོངས་ཡག་པོ་བྱུང་བ་དང་། ཆོས་ཀྱི་སྙིང་པོ་གོ་བ་ལེན་ཐུབ་པ་བྱུང་བ་རེད། དེར་བརྟེན། ཆོས་ཀྱི་དབྱངས་འཐེན་པའི་སྐབས་སུ་དངོས་གནས་བློ་རྩེ་གཅིག་ཏུ་གནས་ནས་གསོལ་འདེབས་སྨོན་ལམ་བྱེད་ཀྱི་ཡོད། དད་པ་དང་དམིགས་པའི་ཐོག་ནས་སྙིང་རྗེ་ཆ་ཚང་སྒོམ་གྱི་ཡོད། དམིགས་པ་ཆ་ཚང་མ་སྒོམ་ཚེ་རྫུན་མ་དང་ཁྲམ་པ། མགོ་སྐོར་གཏང་བའི་བཟོ་འདྲ་པོ་ཆགས་ཀྱི་ཡོད།

དྲི་བ། མི་མང་པོ་ཞིག་གིས་ཨ་ནེ་ལགས་ཀྱི་ཆོས་དབྱངས་ལ་ཉན་དུས་སེམས་ལ་ཞི་བདེ་ཡོང་གི་ཡོད་པ་རེད།  ཁྱེད་ཀྱིས་གཟིགས་ན། ཞི་བདེ་དེ་ཆོས་ཀྱི་སྙིང་པོ་རྟོགས་ནས་ཞི་བདེ་ཡོང་གི་ཡོད་པ་རེད་དམ། ཡང་ན་ཆོས་ཀྱི་དབྱངས་རྟ་ཁོ་ནའི་ཐོག་ནས་ཞི་བདེ་ཡོང་གི་ཡོད་པ་རེད་དམ།
ལན། སྤྱིར་བཏང་གསོལ་འདེབས་སྨོན་ལམ་དེ་ཚོར་གཟུངས་སྔགས་དང་བྱིན་རླབས་ཡོད་པ་རེད། དེའི་སྒང་ལ་ངས་ཆོས་དབྱངས་འཐེན་ཡོང་དུས། དད་པ་དང་མོས་པའི་ཐོག་ནས་སེམས་སྐྱེད་རྒྱ་ཆེན་པོ་བྱས་ནས་ཆོས་དབྱངས་འཐེན་གྱི་ཡོད་པ་མ་གཏོགས། ང་རང་སྐྱིད་སྐྱིད་བྱེད་ཀྱི་མེད། ངས་སེམས་གཏིང་ནས་སེམས་ཅན་ཐམས་ཅན་ལ་ཕན་པར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད། དེར་བརྟེན། དད་པ་དང་མོས་པ་ཤུགས་ཆེན་པོ་ཡོད་ན་བྱིན་རླབས་ཡོད་པ་རེད་ལ། བྱིན་རླབས་ཀྱི་སྟོབས་ཀྱིས་ཉན་མཁན་ཚོར་ཚོར་བ་མི་འདྲ་བ་སྤྲོད་ཀྱི་ཡོད་པ་རེད་བསམ་གྱི་འདུག

དྲི་བ། ཨ་ནེ་ལགས་ནས་སོ་སོའི་ཆོས་དབྱངས་སྒྱུ་རྩལ་འདི་མུ་མཐུད་རྒྱུན་སྐྱོང་དང་རྒྱ་སྐྱེད་གཏོང་འདོད་ཡོད་དམ།
ལན། ངའི་དམིགས་ཡུལ་གཙོ་བོ་དེ་ག་རང་ཡིན། ང་རང་ཚོའི་བོད་པའི་རིག་གཞུང་ནང་ཁྱད་ཆོས་གཙོ་བོ་ཞིག་ཡོད་པ་ནི། ང་ཚོ་ནང་པ་ཡིན་དུས་ཀུན་སློང་དང་ཀུན་སྤྱོད་གཉིས་རེད། ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་དུས་ཀུན་སློང་དང་ཀུན་སྤྱོད་གཙང་མ་འཁུར་རྒྱུ་གལ་ཆེན་ཡིན། ཀུན་སློང་དང་ཀུན་སྤྱོད་བཟང་པོ་ཞིག་འཁྱེར་ནས་ལས་དང་བྱ་བ་བཟང་པོ་བྱེད་དགོས་རེད་ཟེར་བའི་དཔེ་ལྟར་སོ་སོའི་མི་ཚེ་ལེགས་ལམ་དུ་འཁྲིད་རྒྱུ་དང་། ཡོད་ཚད་མི་རྟག་པ་ཡིན་པས་ང་རང་ཚོར་མི་ཚེ་འདིར་ལོ་བརྒྱ་ཐོབ་ཀྱི་ཡོད་མེད་ཧ་གོ་ཡི་མེད་མོད། འོན་ཀྱང་། སོ་སོ་གསོན་པའི་རིང་ལ་སེམས་ཅན་ལ་ཕན་ཐོགས་པ་ཡིན་ན་རང་དོན་འགྲུབ་པ་མ་ཟད། གཞན་དོན་ཡང་སྒྲུབ་ཀྱི་ཡོད། སོ་སོའི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་དང་ལྷན་དུ་གཞན་ལ་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་རེད།  དེ་འདྲ་ཞིག་ཡོང་བའི་ཐབས་ལམ་དེ་རོལ་དབྱངས་ཆགས་ཀྱི་འདུག སངས་རྒྱས་ཀྱི་ཆོས་ནི་ང་ཚོ་དགོན་པའི་ནང་དཔེ་ཆ་སྦྱངས་ཏེ་ཤེས་དགོས་པའི་རྒྱུ་མཚན་ཙམ་མ་རེད། ཆོས་ཟེར་བ་དེ་ས་གནས་དང་དུས་ཚོད་གང་གི་སྐབས་སུ་ཡིན་ཡང་ང་ཚོ་བོད་པ་ཚང་མས་ཤེས་དགོས་པའི་གནད་དོན་ཞིག་རེད། ང་ཚོས་ཆོས་ཤེས་པར་སྐད་ཡིག་ཡག་པོ་ཤེས་ཀྱི་མེད་ཚེ་སྐད་ཡིག་ཐོག་ནས་ཚད་གཞི་མཐོ་དྲགས་པའི་དཀའ་ངལ་ཞིག་ཆགས་བསྡད་ཡོད་རེད། ངས་སྟབས་བདེ་ཞིང་གོ་སླ་བོའི་ངང་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་དེ་སྙན་ཆ་ལྡན་པའི་ཐོག་ནས་དབྱངས་ལ་གྱེར་གྱི་ཡོད།  ངས་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་སེམས་ལ་འཇུག་པར་ཤོག བྱིན་རླབས་འཐོབ་པར་ཤོག་ཅེས་སྨོན་ལམ་འདེབས་བཞིན་ཡོད། དེང་སང་གི་སྤྱི་ཚོགས་འདིར་བོད་དང་འཛམ་གླིང་ཡུལ་ལུང་གང་དུ་ཕྱིན་ཡང་། དེང་རབས་ཡིན་དུས་གཞོན་སྐྱེས་ཚོར་སེམས་པ་གཡེང་ས་འདྲ་མིན་ཡོད་པ་དང་། ང་རང་ཚོ་བོད་པའི་རིག་གཞུང་གི་གཞི་རྩ་ནང་པ་སངས་རྒྱས་པའི་ཆོས་ཡིན་པ་དང་། དེ་ལ་གཞོན་སྐྱེས་ཚོས་སྐྱབས་བསུ་མཆི་དང་དགོན་པར་མཆོད་འབུལ་ཞུས་པ། དེ་བཞིན། སྙིང་རྗེ་ཟེར་བ་ཙམ་ལས་དོན་དངོས་ཐོག་ཉམས་ལེན་བྱེད་དགོས་པའི་ཐོག་དོ་སྣང་བསླེབས་ཐུབ་ཀྱི་མེད། བོད་པའི་གཞོན་སྐྱེས་ཚོ་ཕྱི་རྒྱལ་དུ་སོང་སྟེ་དཀའ་ལས་བརྒྱབ་བརྒྱབ་རྗེས་ཀྱང་ཆོས་ཀྱི་ཉམས་ལེན་དེ་ཚོ་སེམས་ནང་བསླེབ་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། ཁོ་རང་ཚོར་མི་ཚེ་སྐྱེལ་བར་དཀའ་ལས་ཡོད་པ་རེད། ད་ལྟ་རོལ་དབྱངས་ཐོག་ནས་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་སྟབས་བདེ་བོའི་སྐད་ཡིག་ནང་ནས་ཞུ་ཐུབ་ན་ཕན་ཐོགས་ཡོང་གི་མེད་རུང་བསམ་པའི་རེ་བ་དེ་རེད། ཕན་ཐོགས་པ་ཡིན་ན་ངས་བསོད་ནམས་བསགས་པ་རེད། ཕན་མ་ཐོགས་ན་ངའི་ལས་རེད། བྱེད་རྒྱུ་གང་ཡང་ཡོད་པ་མ་རེད།དྲི་བ།  ཨ་ནེ་ལགས་སུ་ཆོས་དབྱངས་རྒྱུད་འཛིན་གནང་མཁན་གྱི་སློབ་ཕྲུག་དེ་འདྲ་ཡོད་དམ།
ལན། ད་ལྟ་དེ་འདྲ་མེད། ངས་དེའི་ཐོག་ཞབས་ཞུ་ཞུས་པ་ལས་ལྷག ངས་དེ་སྔོན་ང་རང་ཚོའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བུད་མེད་ཚོར་སློབ་སྦྱོང་སྤྲོད་དགོས་པའི་དགོས་པ་རྒྱུ་མཚན་ཆེན་པོ་མཐོང་སྟེ། ཕྱི་ལོ་ ༢༠༠༠ ལོ་ནས་བཙུན་མ་ཚོའི་ཆེད་དུ་སློབ་གྲྭ་ཞིག་མགོ་འཛུགས་བྱས་ཡོད། སློབ་གྲྭ་དེའི་ནང་གཞུང་གི་སློབ་གསོའི་སྒྲོམ་གཞི་ལྟར་འཛིན་རིམ་བཅུ་པ་དང་འཛིན་རིམ་བཅུ་གཉིས། ད་དུང་ཉེ་བའི་གཙུག་ལག་རབ་འབྱམས་པ་སོགས་ཁོ་ཚོས་སློབ་སྦྱོང་ག་རེ་བྱེད་འདོད་ཡོད་ཚེ་དེར་ངས་ཞབས་ཞུ་སྒྲུབ་ཀྱི་ཡོད། སློབ་མ་ཁག་ཅིག་ཝ་ཎ་མཐོ་སློབ་ནས་ཨ་ཅརྱ་ཐོན་ཡོད་པ་དང་། སློབ་མ་མང་པོ་ཞིག་གིས་སྨན་པ་སྦྱོང་གི་ཡོད་ལ། ཨམ་རྗེ་ཐོན་བཞག་པའི་སློབ་མ་ཁག་ཅིག་ཀྱང་ཡོད། སྤྱིར་བཏང་ང་རང་ཚོའི་སྤྱི་ཚོགས་ནང་རྐང་བཙུགས་ནས་ལག་ལེན་བསྟར་བཞག་པ་རེད་ལབ་ན་མི་འགྲིག་པ་ཞིག་ཡོད་པ་མ་རེད། ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཐོག་ང་རང་ཚོའི་སྤྱི་ཚོགས་ནང་སྐྱོན་ཞིག་ཡོད་བསྡད་པ་དང་། བུད་མེད་ལ་མཐོང་ཆུང་བྱེད་རྒྱུའི་ལུགས་སྲོལ་ཞིག་ཡོད། མི་ཚང་ཞིག་གི་ནང་ལ་བུ་དང་བུ་མོ་ཞིག་སྐྱེས་པ་ཡིན་ན། སྤྱིར་བཏང་དཔལ་འབྱོར་ལ་ཐུག་གི་ཡོད་པ་དང་། དཔལ་འབྱོར་གྱི་ཆ་རྐྱེན་འགྲིག་ཙམ་ཡོད་ཚེ། བུ་བུ་མོ་གཉི་ག་སློབ་གྲྭར་གཏོང་བ་དང་། གལ་སྲིད་དཔལ་འབྱོར་གྱི་གནས་བབ་ཡག་པོ་མེད་ཚེ། བུ་ངེས་པར་དུ་སློབ་གྲྭར་གཏོང་དགོས་ཀྱི་ཡོད་པའི་ཀུན་སློང་དེ་འདྲ་ཞིག་ཡོད་དུས། བུ་མོ་མང་པོ་ཞིག་ལ་སློབ་སྦྱོང་མ་རག་པའི་སྐྱོན་དེ་ཡོད་པ་རེད། ང་རང་ཚོའི་སྤྱི་ཚོགས་ནང་གནའ་སྔ་མོ་ཡིན་ན་ཨ་ནེ་དེ་ཚོ་གཅིག་མཚུངས་ཆགས་ཀྱི་ཡོད། དེང་སང་འགྱུར་བ་ཤུགས་ཆེན་ཐེབས་ཡོད། གནའ་སྔ་མོའི་དུས་ལ་བཙུན་མ་ལབ་དུས། མཚམས་བསྙེན་སྒྲུབ་དང་ཆོ་ག་ཕྱག་ལེན་བྱེད་པ་ལས་དགེ་བཤེས་མ་དང་མཁན་པོ་འཐོན་པར་དགོས་པ་རྒྱུ་མཚན་མེད་པའི་ཀུན་སློང་འཁྱེར་གྱི་ཡོད་པའི་སྐྱོན་ཡོད། ང་རང་ཡང་སྤྱི་ཚོགས་དེ་ག་རང་གི་ནང་དུ་གནས་ཀྱི་ཡོད་པ་དང་། དེ་ལ་འགྱུར་བ་ཅུང་ཙམ་མ་གཏང་ན་འགྲིག་གི་མི་འདུག་བསམ་བྱུང་ལ། ཡང་འགྱུར་བ་གཏོང་བར་རྒན་པ་དེ་ཚོར་སྐྱོན་བཏགས་བསྡད་པ་ཡིན་ན་ལན་པོ་མི་འདུག དེར་བརྟེན། ང་རང་རང་གིས་ག་རེ་བྱེད་ཐུབ་པར་སྨོན་ལམ་བརྒྱབ་སྟེ་ད་ལྟའི་བར་དུ་བྱས་པ་ཡིན།   དྲི་བ། ཨ་ནེ་ལགས་ནས་དེང་སང་གི་གཞོན་སྐྱེས་ཚོར་སངས་རྒྱས་ཀྱི་ཆོས་དེ་དབྱངས་རྟའི་ཐོག་སྙན་ཆ་ལྡན་པའི་ངང་འཆད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་པ་ལྟར། ཆོས་འཁྲིད་བྱེད་སྐབས་གལ་ཆེ་ཤོས་དེ་ངག་རེད་དམ་ཡང་ན་ཆ་རྐྱེན་གཞན་འཛོམས་དགོས་ཀྱི་ཡོད་པ་རེད།
ལན། གཙོ་བོ་ཀུན་སློང་ལ་རག་ལས་ཀྱི་ཡོད། སེམས་རྒྱ་ཆེན་པོ་སྐྱེད་ཐུབ་མ་ཐུབ་ལ་རག་ལས་ཀྱི་ཡོད་པ་རེད། སྐད་ཆ་དྲང་པོ་ཞུས་ན། ང་ནི་ཉམས་ལེན་པ་ཆེན་པོ་དེ་འདྲ་ཡིན་ལབ་ནས་ཞུ་རྒྱུ་གང་ཡང་མེད། གཙོ་བོ་རྩ་བའི་བླ་མའི་བཀའ་དྲིན་ཡིན། རྩ་བའི་བླ་མའི་བྱིན་རླབས་ཐུགས་རྗེའི་འོག་དང་ང་རང་གི་དད་པ་གཡོ་མེད་དང་བློ་རྩེ་གཅིག་ཏུ་གནས་ཏེ་གསོལ་བ་སྨོན་ལམ་བཏབས་ཡོང་དུས། བྱིན་རླབས་འཇུག་མ་འཇུག་ཟེར་རྒྱུ་དེར་ཐེ་ཚོམ་ཡོད་པ་མ་རེད། དེར་བརྟེན། བཀའ་དྲིན་དེའི་འོག ངས་དབྱངས་འཐེན་ཡོང་དུས་མ་འདྲ་བ་ཞིག་དང་ཁ་ཁ་ཞིག་ཚོར་གྱི་མེད་དམ་བསམ་གྱི་འདུག དེ་མ་གཏོགས་ང་འདི་འདྲ་ཡོད་དང་ང་ལས་ལྷག་ཅིག་མེད་ཅེས་བཤད་རྒྱུ་གཅིག་ཀྱང་མེད།

 དྲི་བ། ཨ་ནེ་ལགས་ནས་ད་ལྟའི་བར་ཆོས་དབྱངས་ཁྱོན་ག་ཚོད་ཅིག་གྱེར་ཡོད་དམ།
ལན། ང་ལ་དེའི་གྲངས་ཀ་ཁྱོན་ནས་མེད་ལ། ང་གྲངས་ཀ་རྩིས་ཏེ་ཐོ་འགོད་བྱེད་མཁན་གྲས་མིན། མི་གཞན་གྱིས་ང་ལ་འདི་དང་གན་བྱེད་རོགས་ལབ་ན་ངས་ཡ་ཡ་ཡ་ལབ་ནས་བྱེད་རྐྱང་བྱས་ཡིན། དེ་མིན་ངས་འདི་བྱས་ཡིན་ཕ་གི་བྱས་ཡིན་ཟེར་སྲོལ་གང་ཡང་མེད།དྲི་བ། ཨ་ནེ་ལགས་ནས་ད་སྔ་བར་རྒྱ་གར་དང་བལ་གཉིས་གཙོས་པའི་འཛམ་གླིང་གི་རོལ་དབྱངས་སྒྱུ་རྩལ་བ་གྲགས་ཅན་ཁག་དང་ལྷན་དུ་ཐུག་འཕྲད་དང་མཉམ་འབྲེལ་རོལ་དབྱངས་ག་ཚོད་ཅིག་བཏང་ཡིན་ནམ།
ལན། ངས་མཉམ་འབྲེལ་རོལ་དབྱངས་མང་པོ་བཏང་ཡོད། དེའི་ཁྲོད་ནས་ཁྱབ་བསྒྲགས་ཆེ་ཤོས་ཤིག་བྱུང་བ་ནི་རྒྱ་གར་གྱི་བྷོ་ལི་ཝོ་ཌའི་(Bollywood)གློག་བརྙན་བཟོ་སྐྲུན་སྤྱི་ཁྱབ་བཀོད་འདོམ་པ་དང་གཞས་ཚིག་རྩོམ་པ་པོ་(Aryan Rahman)ལགས་ཀྱི་གཱོ་ཁུ་(Coke studio)གློག་བརྙན་བཟོ་སྐྲུན་ཁང་དུ་བཏང་བའི་རོལ་དབྱངས་དེ་ཡིན། དེ་མ་ཡིན་པའི་སྐད་གྲགས་ཅན་གྱི་དབྱངས་ཚིག་རྩོམ་པ་པོ་མང་པོའི་ལྷན་དུ་མཉམ་འབྲེལ་བྱས་དང་བྱེད་མུས་ཡིན། ང་ཚོས་ལོ་གཅིག་གི་རིང་རོལ་དབྱངས་སྐོར་སྐྱོད་ཐེངས་འགའི་རིང་བྱེད་བཞིན་ཡོད་པ་དང་ང་རྒྱ་གར་ནང་ཐེངས་མང་པོ་འགྲོ་ཡི་ཡོད། ཕྱིའི་རྒྱལ་ཁབ་ཁག་ནས་མགྲོན་འབོད་བྱེད་མཁན་ཡང་མང་པོ་འདུག མི་ཚེའི་ནང་ལས་ཀ་ཡག་པོ་བྱེད་དགོས་བསམ་མཁན་དང་མི་ཚེ་ཡག་པོ་ཞིག་སྐྱེལ་དགོས་བསམ་མཁན་མང་པོ་ཡོད་མོད། སོ་སོའི་མདུན་ལམ་ཡག་པོ་ཞིག་བཟོ་ཐུབ་པར་བསོད་བདེ་བསོད་ནམས་དང་སོ་སོའི་ཕ་མ། རྩ་བའི་བླ་མ་སོགས་ཀྱི་བྱིན་རླབས་ལ་རག་ལས་ཀྱི་ཡོད།  ང་རང་ལ་མཚོན་ན་རང་གི་རྩ་བའི་བླ་མའི་ཐུགས་རྗེ་བྱིན་རླབས་འོག ང་རང་བསོད་བདེ་བསོད་ནམས་ཅུང་ཆེན་པོ་ཡོད་པའི་ཁུལ་རེད།

དྲི་བ། ཨ་ནེ་ལགས་ནས་ཆོས་དབྱངས་སྒྱུ་རྩལ་འདི་འཕུད་པའི་གཞན་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་དོན་ག་རེ་སྒྲུབ་བཞིན་ཡོད་པ་དང་མ་འོངས་པར་འཆར་གཞི་ག་རེ་ཡོད་དམ།
ལན། ད་ལྟ་ངས་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་ཀ་ནི་བུ་མོ་ཆུང་ཆུང་ཚོའི་ཆེད་བཙུགས་པའི་སློབ་གྲྭ་དེ་ཡོད། བུ་མོ་ཆུང་ཆུང་ཚོ་ཨ་ནེ་བཟོས་ཏེ་འབུམ་རམས་པ་སོགས་སློབ་སྦྱོང་ག་རེ་བྱེད་འདོད་ཡོད་ཚེ་དཔལ་འབྱོར་ཐོག་ནས་ཞབས་ཞུ་ག་རེ་ཞུ་དགོས་བྱུང་ཡང་ངས་ཞུ་ཡི་ཡོད། ངའི་དམིགས་ཡུལ་ནི་སྤྱི་ཚོགས་ནང་བུད་མེད་ཚོས་སློབ་སྦྱོང་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན། རང་མགོ་ཐོན་པ་ཙམ་མ་ཡིན་པར་གཞན་ལའང་ཕན་ཐོགས་བྱེད་མཁན་ཞིག་ཡོང་གི་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། སློབ་སྦྱོང་མེད་པ་ཡིན་ན་མི་གཞན་ལ་ཕན་ཐོགས་བྱེད་རྒྱུ་ཕར་ཞོག་རང་མགོ་འཐོན་རྒྱུ་ཁག་པོ་ཆགས་ཀྱི་ཡོད། གཞན་ང་ཚོའི་སྤྱི་ཚོགས་ནང་གི་གྲྭ་བ་དང་ཨ་ནེ་ཚོར་ཆ་བཞག་ན། གྲྭ་བ་ཚོ་སྐྱ་སར་ཕབ་པ་ཡིན་ནའང་སྔགས་པའི་ཆས་གྱོན་ཏེ་ཞ་དང་ཞོར་ལ་ཞབས་བརྟན་ལ་སོང་ནས་རང་མགོ་འཐོན་གྱི་ཡོད། ཨ་ནེ་དེ་ཚོ་སྙིང་རྗེ། ཆོ་ག་ཕྱག་ལེན་ཤེས་ཀྱི་ཡོད་པ་རེད་དེ་དེང་དུས་ཀྱི་སློབ་སྦྱོང་མེད་པ་དང་། ཨ་ནེ་སྔགས་མོ་རེད་ལབ་ནས་ཞབས་བརྟན་ལ་གདན་འདྲེན་ཞུ་མཁན་ཧ་ལམ་དཀོན་པོ་རེད། དེར་བརྟེན། ཆོས་སྒྲུབ་ཐུབ་མིན་སོ་སོའི་ལས་དང་བསོད་ནམས་ལ་རག་ལས་ཀྱི་ཡོད་པ་དང་། ཁོ་རང་ཚོར་སློབ་སྦྱོང་ཡག་པོ་ཞིག་ཡོད་པ་ཡིན་ན། ཆོས་སྒོར་ཞུགས་མ་ཐུབ་ཀྱང་འཇིག་རྟེན་གྱི་བྱ་བའི་ཐོག་ལས་དང་ལམ་འགྲོ་ཡག་པོ་ཡོང་བར་ཕན་ཐོགས་འདུག་བསམ་གྱི་ཡོད།ངའི་དམིགས་ཡུལ་ཡང་དེ་ཡིན། དེ་འདྲ་ཡིན་དུས། ཁོ་ཚོར་ལག་ཁྱེར་ཡག་པོ་ཞིག་ཡོད་ཚེ་སང་ཉིན་ལས་ཁུངས་ཤིག་ལ་ལས་ཀ་བྱེད་ཐུབ་པ་དང་། གསོལ་མགྲོན་ཁང་གི་སྣེ་ལེན་པ་ཞིག་དང་། དངུལ་གཉེར་བ་ཞིག་བྱེད་ཐུབ་ན་རེད། གང་ལྟར་ཁོ་རང་གི་སློབ་སྦྱོང་གི་ལག་ཁྱེར་གཞིར་བཟུང་ལས་གནས་ཐོག་ཐོབ་གོང་ས་རག་གི་ཡོད་པ་རེད། ངའི་རེ་སྨོན་དེ་ཡིན། ད་ལྟ་ང་ལ་སློབ་གྲྭ་ཡོད་པ་རེད། སློབ་གྲྭའི་ལྷན་དུ་སྔོན་འགྲོའི་སློབ་གྲྭ་ཞིག་ཀྱང་ཡོད། དེང་སང་ང་ཚོའི་སྤྱི་ཚོགས་ནང་ཁྱོ་ག་དེ་ཚོས་སྐྱེས་དམན་གསར་པ་རག་པ་དང་རྙིང་པ་གཡུག་བཞག་པ་དེ་འདྲ་ཡོང་གི་ཡོད་པ་དང་། ཁ་ཤས་ངན་བསླུ་ནང་ལྷུང་ཡོད་པ་དེ་འདྲ་ཡོད། ཁོ་ཚོར་བྱིས་པ་ཡོད་པ་དང་འཚོ་བའི་ཐོག་དཀའ་ངལ་ཡོང་གི་ཡོད་དུས། ངས་ཁོ་ཚོར་རོགས་རམ་སླད་སྔོན་འགྲོ་སློབ་གྲྭ་དེ་མགོ་བཙུགས་ཡིན། དེའི་ཆེད་ཨ་ནེ་ཚོ་མཐོ་སློབ་འགྲིམས་པ་དང་བྱིས་པའི་སྔོན་འགྲོའི་སློབ་གསོ་ལ་ཆེད་སྦྱོང་བྱས་ཏེ་བྱིས་པ་ཚོར་སྔོན་འགྲོ་སློབ་འཁྲིད་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ཁྱོ་གས་གཡུག་བཞག་པའི་སྐྱེས་དམན་ཚོའི་མི་ཚེ་སྟབས་བདེ་རུ་འགྲོ་ཡི་ཡོད་པ་རེད། དེ་མ་ཡིན་པའི་གཞན་སྨན་ཁང་ཞིག་ཡོད། སྨན་ཁང་དེ་མཁལ་མ་ནད་པ་ཚོའི་ཆེད་དུ་ཡིན། དམིགས་བསལ་བལ་ཡུལ་ནང་འཚོ་བའི་གནས་སྟངས་དང་དཔལ་འབྱོར་ཐོག་སྐྱོ་བོ་ཡིན་སྟབས། བལ་ཡུལ་ནང་གནས་སྟངས་ཞན་པའི་མཁལ་མ་ནད་པ་ཚོར་ངས་ཞབས་ཞུ་སྒྲུབ་ཀྱི་ཡོད། སྨན་ཁང་དེས་ནད་པའི་ཁྲག་གཙང་མ་བཟོ་བ་སོགས་བྱེད་ཀྱི་ཡོད། བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ཡན་ལག་སྨན་ཁང་ཁྱོན་ ༤ ཡོད། ཉིན་གཅིག་ལ་ནད་པ་ཁྱོན་བརྒྱ་ཡི་ཁྲག་གཙང་བཟོའི་ཞབས་ཞུ་སྒྲུབ་ཐུབ་ཀྱི་འདུག ཞབས་ཞུ་འདི་ངའི་ཨ་མ་དམ་པ་ལགས་ལོ་ན་ཆུང་དུས་ནས་ནད་གཞི་འདིའི་རྐྱེན་པས་གྲོངས་སོང་བས། ངས་ཨ་མ་ལགས་ཀྱི་བཀའ་དྲིན་རྗེས་དྲན་སླད་ཞབས་ཞུ་འདི་ཞུ་ཡི་ཡོད། སྤྱིར་བཏང་སྤྱི་ཚོགས་ནང་ལས་རིགས་འདྲ་མིན་ཐོག་ནས་མི་མང་སེམས་ཤུགས་སྤར་ཐབས་ཀྱི་ཞབས་ཞུ་ཞུ་ཡི་ཡོད། ཀུན་སློང་བཟང་པོ་ཞིག་འཁྱེར་དགོས་པ་དང་ཆོས་ཟེར་བ་དེར་རྗེས་སུ་ཡི་རངས་བྱེད་པར་མི་ལ་སེམས་ཤུགས་ཅུང་ཙམ་རེ་སྤར་ཐུབ་ན་བསམ་པའི་སྨོན་ལམ་དེ་ཡོད། གཞན་མང་པོ་ཞེ་དྲག་བྱས་བཞག་པ་གང་ཡང་མེད།གཞན་མིའི་འཆར་གཞི་དང་རེ་བ་ཟེར་རྒྱུ་དེ་རྫོགས་རྒྱུ་མེད་པ་ཞིག་རེད། འོན་ཀྱང་། ལོ་ཡར་རྒས་ཡོང་དུས་རྒྱུད་ལ་འཆི་བ་མི་རྟག་པའི་རང་བཞིན་དེ་ཤུགས་ཆེ་རུ་འགྲོ་ཡི་འདུག་པ་དང་། ཚོར་བའི་ནང་ད་ཡར་མར་འཁྱམ་རྒྱུ་ཇེ་ཉུང་དུ་བཏང་སྟེ་མཚམས་ཉམས་ལེན་ལ་འགྲོ་དགོས་ཀྱི་འདུག་བསམ་གྱི་འདུག་ལ། ལོ་རྒས་ཡོང་དུས་ལུས་པོའི་སྟོབས་ཉམས་ཏེ་ཐང་ཆད་ཀྱི་ཡོད་པ་དང་མིག་གིས་ཞེ་དྲག་མཐོང་གི་མེད་པ་སོགས་རྒ་བཞིན་པའི་ཚོར་སྣང་དུ་མ་ཞིག་ཡོང་གི་འདུག རྩ་བའི་བླ་མའི་བཀའ་དྲིན་འོག་ཆོས་ཉམས་ལེན་གྱི་མཁས་པ་དེ་འདྲ་མ་རེད་དེ། ཉམས་ལེན་ཅུང་ཙམ་བྱས་བཞག་པ་དེའི་མཐའ་མཇུག་ཏུ་སྒྲུབ་པ་ཉམས་ལེན་ཅུང་ཙམ་རེ་བྱེད་དགོས་བསམ་གྱི་འདུག ངའི་སྨོན་ལམ་ཆེ་ཤོས་དེ་ལོ་གསུམ་ཆོས་གསུམ་ལ་ཚར་གཅིག་འདུག་དགོས་བསམ་གྱི་ཡོད། གལ་སྲིད་ལོ་གསུམ་ཆོས་གསུམ་ལ་འདུག་མ་ཐུབ་ཚེ་མཚམས་བསྙེན་སྒྲུབ་མང་ནས་མང་ཙམ་ཞིག་བྱེད་ཐུབ་ན་བསམ་པའི་རེ་བ་དང་འཆར་གཞི་ཞིག་ཡོད། དེའི་ཞ་དང་ཞོར་ལ་ངའི་སློབ་གྲྭ་ནས་ཐོན་པའི་སློབ་མ་ཚོར་སེམས་ཤུགས་འཕར་ཐབས་སུ་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་དོན་འདི་དང་ཕ་གི་བྱོས་ཞེས་ལམ་སྟོན་འདྲ་པོ་བྱེད་ཀྱི་ཡོད་ལ། ལས་རིགས་དེ་དག་གི་འགྲོ་གྲོན་ཆ་ཚང་ངས་གཏོང་གི་ཡོད། སང་ལོ་ནས་རྒན་གསོ་ཁང་ཞིག་དང་ནད་པའི་ངལ་གསོ་ཁང་(hospice)ཞིག་འཛུགས་འདོད་ཀྱི་རེ་བ་དང་རྨི་ལམ་དེ་འདྲ་ཞིག་ཡོད། འོན་ཀྱང་། རེ་བ་དེ་དག་འགྲུབ་ཀྱི་ཡོད་མེད་ད་ལྟ་ཞུ་ཤེས་ཀྱི་མ་རེད། དམིགས་བསལ་དེང་སང་ཆ་རྐྱེན་ཞན་པའི་མི་ཚང་གི་བྱིས་པ་ཆུང་ཆུང་མང་པོ་ཞིག་ལ་འབྲས་ནད་བྱུང་གི་ཡོད་པ་དང་། དཔལ་འབྱོར་གྱི་ཆ་རྐྱེན་ཞན་པས་བྱིས་པ་གྲོངས་ཀྱི་ཡོད་པ་ཧ་གོ་ཡི་ཡོད་པ་དང་། སེམས་སྡུག་བསྔལ་ནང་ལྷུང་སྟེ་བློས་གཏོང་ཐུབ་ཀྱི་མེད་སྟབས། བྱིས་པ་དེ་འདྲའི་རིགས་ལ་ངལ་གསོ་ཁང་སྙིང་རྗེ་པོ་དེ་འདྲ་རྒྱག་ཐུབ་ན་བསམ་པའི་རྨི་ལམ་དེ་འདྲ་ཡོད། དེ་ཚོའི་ཆེད་དུ་ངའི་རོལ་དབྱངས་སྐོར་སྐྱོད་ཀྱི་ལས་རིམ་ཇེ་མང་དུ་གཏང་སྟེ་དཔལ་འབྱོར་འཚོལ་སྒྲུབ་བྱེད་ཞོར་དང་ལས་དོན་སྒྲུབ་ཞོར་བྱས་ནས་འགྲོ་རྩིས་ཡོད། འོན་ཀྱང་། ངས་དེ་དག་ངེས་པར་དུ་བསྒྲུབ་ཀྱི་ཡིན་བསམ་ནས་སེམས་གུ་དོག་པོ་བྱེད་ཀྱི་མེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༢༡

Leave a Reply

One thought on “ཆོས་དབྱངས་སྒྱུ་རྩལ་བ་གྲགས་ཅན་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ལགས་ལ་བཅར་འདྲི།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཆོས་ཡང་དག་གཞན་ཕན་བྱ་བས་སྒྲུབས།
    ཆོས་ངོ་མ་ནུས་མེད་དབུལ་སྐྱོབས་ལས།
    ཆོས་ཀྱི་སྦྱིན་རླབས་བསམ་མི་ཁྱབས།
    བླ་མའི་སྦྱིན་རླབས་བསམ་མི་ཁྱབས།