ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་དམིགས་འགའ་ལ་དཔྱད་པ།

གེ་སར་རྒྱལ་པོ། 

ཕྱི་ལོ་ ༢༠༢༡ ལོར་བཙན་བྱོལ་བོད་མིའི་སྲིད་སྐྱོང་དུ་མི་ག་འདྲ་ཞིག་འདེམས་རྒྱུ་ཡིན་མིན་ནི་ང་ཚོ་མི་རིགས་འདི་ལ་བློ་སེམས་ཅི་ཙམ་དཀར་མིན་དང་། སྤྱི་པའི་ཁེ་ཕན་དང་སྒེར་གྱི་ཁེ་ཕན་གཉིས་ལས་གང་འདེམས་རྒྱུ་ཡིན་མིན་གྱི་ཐག་གཅོད་ཅིག་ཡིན་ལ། ཐག་གཅོད་འདིའི་ཁྲོད་ནས་ང་ཚོས་རང་ཉིད་ཕམ་པར་རྒྱག་སྲིད་ལ་རྒྱལ་དུའང་འཇུག་སྲིད་པ་རེད། གང་ལྟར་ང་ཚོར་ད་ལྟ་ནས་ཚོད་དཔག་བྱེད་བཞིན་པའི་འོས་དམིགས་འགའ་ཡོད་པ་རེད།  

ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ།འདི་ལོའི་ཕྱི་ཟླ་ ༡ ཚེས ༡༧ ཉིན་ལྡི་ལིའི་ཀི་རོ་རི་མཱལ་མཐོ་སློབ་(Kirori Mal College) ཀྱི་སློབ་མའི་འདུ་ཚོགས་ཤིག་གི་ཐོག བཀའ་ཟུར་རྒྱ་རི་སྒྲོལ་མས་ང་རང་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ནང་ཞུགས་བློ་ཡོད་མཁན་ཞིག་ཡིན་ཞེས་བཤད་ཆོག ང་རང་ད་ལྟ་དངོས་སུ་འོས་དམིགས་ཤིག་མིན་ཡང་། འོས་བསྡུའི་ནང་ཞུགས་བློ་ཡོད་མཁན་ཞིག་ཡིན། མི་ཚང་མའི་རྒྱབ་སྐྱོར་ལ་བརྟེན་ནས་ང་ལ་སླར་ཡང་མི་མང་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཤིག་འཐོབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བསྒྲགས་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཨ་རི་རླུང་འཕྲིན་ཁང་གིས་ཁོང་མོར་བཅར་འདྲི་ཞིག་བྱས་པའི་ནང་། རང་གི་འཛིན་སྐྱོང་དང་ཁྲིམས་བཟོ། དེ་བཞིན་བོད་དོན་ཞུ་གཏུག་སོགས་ཀྱི་ཉམས་མྱོང་དང་ལོ་ན་སོགས་ཀྱི་ཆ་ནས་ད་ལྟ་ནུས་པ་སྤུང་རྒྱུའི་དུས་ལ་བསླེབས་བསྡད་ཡོད་པ་དང་།  ཞབས་ཕྱི་ཞུ་རྒྱུའི་འདུན་པ་ཡོད་སྐོར་བརྗོད་ཡོད་པ་རེད།  ཁོང་མོ་ནི་ཡོངས་ཁྱབ་ཐོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་ནང་ལངས་མཁན་ཐོག་མ་དེ་དང་། སྲིད་སྐྱོང་འོས་དམིགས་ནང་ལངས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད། ཁོང་མོར་མཚོན་ན། བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་དུ་བུད་མེད་གོ་གནས་མཐོ་ཤོས་དང་འགན་འཁྲི་ཆེ་ཤོས་ལེན་མཁན་མཛུབ་རྩེར་བགྲངས་ཆོག་པ་འགའ་ཡོད་པའི་ཁྲོད་ཀྱི་གཅིག་ཡིན་པ་རེད།

བཀའ་ཟུར་རྒྱ་རི་སྒྲོལ་མ་ཕྱི་ལོ་ ༡༩༩༡ དང་། ༡༩༩༦། ༢༠༠༡། ༢༠༠༦ ལོ་བཅས་སྐབས་བཞི་ལ་བསྟུད་མར་བོད་མི་མང་སྤྱི་འཐུས་སུ་མདོ་སྟོད་མི་མང་གིས་འོས་འདེམས་བྱུང་ཡོད་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་ནང་སྐབས་ ༡༣ དང་ ༡༤ བསྟུད་མར་ཚོགས་གཞོན་གྱི་འགན་འཁུར་ཡོད་པ་དང་། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེས་སྣེ་འཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་པར་ནང་སྲིད་བཀའ་བློན་གྱི་ལས་གནས་འཁུར་ཡོད། གང་ལྟར་འདས་པའི་ལོ་ ༢༠ ལྷག་ལ་མོ་རང་གིས་སྤྱི་འཐུས་དང་ནང་སྲིད་བཀའ་བློན་བྱས་པའི་རིང་བོད་མིའི་གཞིས་སྒར་དང་དགོན་སྡེ་ཁག་གི་ས་ཁང་དཀའ་རྙོག་དང་། སུད་ཚོང་བའི་དཀའ་ངལ་སོགས་རྒྱ་གར་གཞུང་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་ཕྱག་ལས་གྲུབ་འབྲས་ལྡན་པ་བྱུང་ཡོད་པ་སོགས། ཁོང་མོར་འཛིན་སྐྱོང་གི་ཉམས་མྱོང་གང་ཙམ་འདང་ངེས་ཡོད་པའི་ཐོག་ལ་གནས་ཡུལ་རྒྱ་གར་གྱི་ཆབ་སྲིད་པའི་ཁྲོད་དུ་མཁས་པོ་ཡོད་པའི་ངོས་འཛིན་དེ་དོན་དངོས་དང་མཐུན་པོ་ཡོད་ལ། སྤྱི་ཡོངས་ཀྱི་ཕྱི་འབྲེལ་སྲིད་བྱུས་ཐད་ནས་ཡིན་ནའང་ང་ཚོས་ད་ལྟ་ཚོད་དཔག་བྱེད་བཞིན་ཡོད་པའི་སྲིད་སྐྱོང་འོས་མི་ཚོའི་ཁྲོད་ནས་རྩེ་གྲས་མིན་པའི་དབང་དུ་བཏང་ནའང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་ཕྱི་འབྲེལ་ལས་དོན་ཐད་ནས་གྱོང་སྤྲོད་མཁན་དེ་འདྲ་གཏན་ནས་མ་རེད།

འདས་པའི་ཁོང་མོའི་ལོ་རྒྱུས་ནང་སྤྱི་ཚོགས་ཁྲོད་ལབ་གླེང་ཆེ་ཤོས་གཅིག་ནི། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་གི་འབྲུ་དོན་ནང་ཁ་གསལ་མེད་པའི་གོ་སྐབས་བཟུང་ནས། ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་སྐབས་བཀའ་བློན་ལས་ཐོག་རྒྱ་རི་སྒྲོལ་མ་དང་ཤེས་རིག་བཀའ་བློན་རྣམ་གཉིས་ནས་བོད་པའི་སྤྱི་ཚོགས་ནང་རྙོག་ཟིང་ཧ་ཅང་ཆེ་བའི་སྲིད་སྐྱོང་འོས་མིའི་དྲིལ་བསྒྲགས་ནང་དམིགས་བཙུགས་ཀྱི་ཆ་ཤས་བླངས་བར་བརྟེན། བཀའ་བློན་རྣམ་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཁོངས་སུ་གཏོགས་དགོས་མིན་དང་། གལ་སྲིད་གཏོགས་ཀྱི་ཡོད་ན་ལས་ཐོག་སྲི་ཞུ་བས་འོས་བསྡུའི་དྲིལ་བསྒྲགས་ནང་ཆ་ཤས་ལེན་མི་ཆོག་པའི་སྒྲིག་གཞི་དང་འགལ་ཡོད་པར་བརྟེན། དབུས་འོས་བསྡུ་ལས་ཁང་ནས་ངེས་པར་དུ་ཐག་གཅོད་ལེན་དགོས་པའི་བསམ་ཚུལ་སྤྱི་ཚོགས་ནང་ཤུགས་ཆེན་པོ་བསླེབས་ཡོད། ཡང་ལབ་གླེང་ཆེན་པོ་གཞན་ཞིག་ནི། བཀའ་བློན་ལས་ཡུན་འཁྱུར་བའི་རྗེས་ཤིག་ལ། བོད་པའི་སྤྱི་ཚོགས་ནང་མངོན་གསལ་དོད་པོ་བྱས་ནས་མར་ཐོན་ཡོང་སྟེ་༧གོང་ས་མཆོག་ལ་གཞི་རྩ་མེད་པའི་མཚན་སྨད་དང་བོད་གཞུང་གི་མི་རབས་རྒན་པ་ཚོར་བསྙད་འདོགས་ཟུར་ཟ་བྱེད་མཁན་གྱི་ཉག་རོང་དོན་གྲུབ་དང་འབྲེལ་འདྲིས་ཆེ་བ་མ་ཟད། མི་ཚོགས་ཀྱི་སྡིངས་ཆའི་ཐོག་མཉམ་དུ་ལངས་ནས་པར་བརྒྱབ་པ་ཞིག་སྤྱི་ཚོགས་དྲ་གནས་མང་པོར་ཁྱབ་སྟེ་ཁོང་མོར་དགའ་མོས་བྱེད་མཁན་མང་པོ་ཞིག་ལ་བློ་ཕམ་ཡོང་གཞི་ཆགས་པ་མ་ཟད། ཁོང་མོའི་ལངས་ཕྱོགས་ངོ་མ་དེ་ག་འདྲ་ཡིན་མིན་ཐེ་ཚོམ་ཡོང་དགོས་པ་ཞིག་ཆགས་ཡོད་པ་རེད། དེ་མ་ཡིན་པའི་ལབ་གླེང་ཟེར་ན་འདྲ་མོ་རང་གི་འདས་པའི་ལོ་རྒྱུས་ཀྱིས་བཟོས་པའི་སྤྱི་ཚོགས་ནང་སྐད་ཆ་གཞན་ཞིག་ཡོད་པ་ནི། གནད་དོན་ཆེ་ཆུང་ལ་མ་ལྟོས་པར་ལམ་སང་མིག་ཆུ་འདོན་ཞིང་ཧ་རི་ཧུ་རི་འདྲ་བྱེད་པ་དེ་ནི་བོད་མིའི་སྲིད་སྐྱོང་རིམ་པར་འོས་འཚམ་མེད་པ་ཞིག་གམ་སེམས་ཁྲལ་བྱེད་དགོས་པའི་གནས་ཤིག་ཀྱང་ཡིན་པ་རེད།

ད་ལྟ་བཙན་བྱོལ་བོད་མི་ཚོས་བུད་མེད་ཅིག་སྲིད་སྐྱོང་དུ་འདེམས་པའི་གདེང་ཚོད་རྙེད་ཡོད་མེད་ཤེས་ཀྱི་མི་འདུག་ཀྱང་། གང་ལྟར་ཁོང་མོ་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་བུད་མེད་རྡོག་གཅིག་པོ་དེ་ཡིན་སྲིད་པ་རེད། མོ་རང་ལ་ལ་དྭགས་གཞིས་ཆགས་ཁག་གཙོ་བོར་གྱུར་བའི་གཞིས་ཆགས་ཁག་ན་རྒྱབ་སྐྱོར་བ་མང་པོ་ཡོད་ལ། དམིགས་བསལ་སུད་ཚོང་བའི་ཁྲོད་ན་མང་པོ་ཡོད་པ་རེད། ཁོང་མོའི་རྒྱབ་སྐྱོར་བ་དེ་ཙམ་མ་རེད། ད་དུང་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་ཡི་རྒྱབ་སྐྱོར་བ་མང་དག་ཅིག་གིས་མཐའ་མའི་མཐའ་མ་དང་། བརྒྱ་བཤད་སྟོང་གི་ཚིག་རྩ་དེ་ཁོང་མོར་འབབ་ཐུབ་པའི་གདེང་ཚོད་ཆེན་པོ་བསྐྲུན་ཚར་ཡོད་པ་རེད།

  བྱང་ཨ་རིའི་དོན་ཟུར་སྤེན་པ་ཚེ་རིང་།བཙན་བྱོལ་ནང་སྐད་གྲགས་ཆེ་བའི་ཁ་མཆུ་ཨང་ ༢༠ པའི་ཁྲོད་ནས་སྤེན་པ་ཚེ་རིང་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་། གྱོད་ཡ་བཀའ་ཤག་གིས་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་ལེན་གནང་རྗེས། སྤེན་པ་ཚེ་རིང་གིས་ཨ་རིའི་ནང་གི་བོད་མི་གནས་སྡོད་ཆེ་བའི་ས་ཆ་ཁག་ལ་སྐོར་བསྐྱོད་བྱས་ནས་གཏམ་བཤད་དང་མི་མང་དང་ལྷན་དུ་དྲི་བ་དྲིས་ལན་བྱེད་ཀྱི་ཡོད་ལ། མ་འོངས་པ་ལ་ཡོ་རོབ་སོགས་ཀྱི་ནང་དུའང་འགྲོ་འཆར་ཡོད་པ་ཐོས།  ད་ལྟའི་ཆར་ཁོང་གིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་སུ་ལངས་པ་ཡིན་ཞེས་ཡོངས་ཁྱབ་ཐོག་བསྒྲགས་མེད་ནའང་། མི་མང་པོ་ཞིག་གིས་སྲིད་སྐྱོང་འོས་དམིགས་ནང་ལངས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག་ལ། བསྐྱར་དུ་ལངས་པ་ཡིན་ན་ཁོང་ཡང་སྲིད་སྐྱོང་འོས་དམིགས་སུ་ལངས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

སྤེན་པ་ཚེ་རིང་ལ་མཚོན་ན། ཕྱི་ལོ་ ༡༩༩༦ ལོའི་སྐབས་ ༡༢ པའི་བོད་མི་མང་སྤྱི་འཐུས་སུ་མདོ་སྨད་མི་མང་གིས་འོས་བླུགས་ཏེ་བདམས་ཡོད་པ་དང་། དེ་ནས་སྤྱི་འཐུས་སྐབས་ ༡༣ དང་ ༡༤། ༡༥ བཅས་བསྟུད་མར་སྤྱི་འཐུས་སུ་སྐབས་ ༤ ལ་འདེམས་ཐོན་བྱུང་ཡོད་པ་མ་ཟད།  སྐབས་ ༡༤  དང་ ༡༥ པར་ཚོགས་གཙོའི་ལས་འགན་འཁུར།  དེ་བཞིན་ཕྱི་ལོ་ ༢༠༠༡ ཟླ་ ༡༠ པ་ནས་ལོ་བདུན་དང་ཕྱེད་རིང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱུང་། ཕྱི་ལོ་ ༢༠༡༥ ལོར་སྲིད་སྐྱོང་དུ་ལངས་ནས་དངོས་གཞིའི་འོས་བསྡུའི་ཁྲོད་ཆ་ཤས་ལེན་མཁན་ ༥༤༢༤༨ ལྷག་གི་ཁྲོད་ནས་ཁོང་ལ་འོས་གྲངས་ ༢༤༧༧༦ ཐོབ་སྟེ། འོས་ལྡུག་མཁན་བརྒྱ་ཆ་ ༤༢ ལྷག་གིས་རྒྱབ་སྐྱོར་བྱས་ཡོད་པ་རེད། ང་ཚོ་བོད་པའི་སྤྱི་ཚོགས་རང་དང་ལྷག་པར་དུ་གངས་ཅན་སྐྱིད་གཤོངས་ཀྱི་ར་བའི་ནང་དུ་མི་ལོ་ ༢༠ ལྷག་རིང་ཞབས་ཕྱི་ཞུས་མྱོང་བའི་མི་འདིས། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྤྱི་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱི་ནང་གི་ལས་དོན་མང་པོ་ཞིག་ལ་དོན་འབྲས་ལྡན་པའི་ཞབས་འདེགས་ཞུས་ཡོད་པ་སྨོས་མེད་རེད།  འཛིན་སྐྱོང་གི་ཉམས་མྱོང་ཡང་གང་ཙམ་ཆེན་པོ་ཡོད་པ་རེད། ཕྱི་འབྲེལ་གྱི་ལས་དོན་ཕྱོགས་ནས་ཁོང་རང་སྤྱི་འཐུས་ཚོགས་གཙོ་ཡིན་པའི་སྐབས་སུ་སྤྱི་འཐུས་རྣམ་པ་ཆ་བགོས་ཐོག་རྒྱ་གར་ནང་ཙམ་མ་ཟད། བོད་མི་མང་པོ་གནས་སྡོད་བྱེད་ཀྱི་ཡོད་པའི་ཕྱིའི་རྒྱལ་ཁབ་ཁག་གི་དཔོན་རིགས་དང་གནད་ཡོད་མི་སྣར་ཐུག་འཕྲད་བྱས་ཏེ། བོད་དོན་ཞུ་གཏུག་གི་ལས་གཞི་ཤུགས་ཆེན་པོ་བརྩམས་ཡོད་པ་སོགས་ལ་ལྟ་བ་ཡིན་ན། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་རྣམས་ཀྱི་ཁྲོད་ནས་ཕྱི་འབྲེལ་ནུས་པའང་འདང་ངེས་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་ན་འགྲིག

སྤེན་པ་ཚེ་རིང་ནི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་རྣམས་ཀྱི་ཁྲོད་ནས་རི་ལུང་ཐང་གསུམ་བརྒྱུད་དེ་དཀའ་ངལ་དང་རྙོག་གླེང་མང་པོ་ཞིག་ལ་གདོང་ལེན་བྱས་ནས་ཡོང་མཁན་ཤུགས་ཆེ་ཤོས་ཤིག་དེ་ཡིན་པ་རེད། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་ལངས་སྐབས་ཁོང་ལ་མི་ཁག་ཅིག་གིས་ཁོས་མི་བསད་ཡོད་པའི་ཉེས་འཛུགས་དང་།  དུས་རྒྱུན་ཆང་རག་མང་པོ་འཐུང་གི་ཡོད་པའི་ལབ་གླེང་མང་པོ་བྱུང་། ༢༠༡༦ ལོའི་འོས་བསྡུ་གྲུབ་རྗེས། སྤེན་པ་ཚེ་རིང་ཧོབ་དེ་བྱང་ཨ་རིའི་དོན་གཅོད་དུ་བསྐོས་ཡོད་པ་དང་། སྤྱི་ཚོགས་ནང་དགྲ་ཟླའི་ངོ་བོར་ཤུགས་ཆེན་པོ་བཟོས་ཡོད་པའི་སྲིད་སྐྱོང་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱི་བར་ལ་གནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་གི་རྣམ་པ་ལེགས་པོ་ཞིག་མངོན། སྟབས་མ་ལེགས་པ་ཞིག་ལ། ལོ་གཅིག་དང་ཟླ་གཉིས་ལྷག་ལས་མ་འགོར་བར་བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་བཏང་བ་ཡིན་པའི་བཀོད་ཁྱབ་བཏང་བ་མ་ཟད། འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་བཅུ་ཅན་ཞིག་ཀྱང་གཞུང་འབྲེལ་གྱི་བརྒྱུད་ལམ་དུ་བཀྲམས། བཀའ་ཤག་གི་སྔ་རྗེས་ཀྱི་གནང་སྟངས་དེས་སྤེན་པ་ཚེ་རིང་གིས་རང་འཁྲིའི་ལས་དོན་ལ་འགན་ཁྱོན་ནས་ཡག་པོ་འཁུར་མེད་པ་དང་བྱ་སྤུ་གནོན་གྱི་འགྲོ་སྟངས་ལ་བརྩི་བཀུར་མ་བྱས་པ་སོགས་ཀྱི་གོ་བརྡ་ཞིག་སྤྱི་ཚོགས་ནང་སྤྲད་ཡོད་པ་དང་། མི་མང་པོས་སྤེན་པ་ཚེ་རིང་གིས་བྱས་ཉེས་ཆེན་པོ་བསགས་ཡོད་པར་ངོས་འཛིན་གཏན་གཏན་བྱས་ཡོད་པ་མ་ཟད། ཁོང་ལ་མི་དགའ་མཁན་ཚོས་གླེང་རྙོག་ཆེན་པོ་བཟོས་པ་དང་། དུས་རྒྱུན་སྤེན་པ་ཚེ་རིང་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་མཁན་ཚོ་སོམ་ཉིའི་གནས་སུ་ལྷུང་བཅུག་པ་རེད། ཡིན་ནའང་། བཀའ་ཤག་གིས་རྒྱུ་མ་ཕུ་འདེད་གཏོང་རྒྱུ་མང་དྲག་པར་བརྟེན། བཙན་བྱོལ་བོད་མིའི་བླ་ན་མེད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤེན་པ་ཚེ་རིང་ལ་ནག་ཉེས་གང་ཡང་མེད་པའི་བཅད་ཁྲ་བཏང་པ་དང་། བཀའ་ཤག་གིས་ཀྱང་འཕོ་འགྱུར་གཏོང་དགོས་ཀྱི་རྒྱུ་མཚན་བཅུ་དེ་མ་ཉེས་ཁེག་གཡོགས་ཡིན་པ་ངོས་ལེན་བྱས་ཏེ་དགོངས་སེལ་ཞུས་ཟིན་པར་བརྟེན། སྤེན་པ་ཚེ་རིང་ལ་བཙུགས་པའི་སྔར་གྱི་ནག་ཉེས་ཐམས་ཅད་གཞི་འཛིན་ས་མེད་པ་ཞིག་ཏུ་གྱུར་ཚར་བ་རེད།

སྤེན་པ་ཚེ་རིང་གིས་ཁོང་རང་ཁྲིམས་ཐོག་ནས་དཀར་པོ་ཆགས་པའི་གོ་སྐབས་འདི་དམ་འཛིན་བྱས་ཏེ་མི་མང་ནང་ཁོང་རང་གཙང་མ་གཙང་རྐྱང་ཞིག་ར་སྤྲོད་ཐུབ་ན་དགེ་མཚན་ཆེ་བའི་བསམ་ཚུལ་འཛིན་གྱི་ཡོད་པ་རེད་ལ། གནད་དོན་ཤེས་འདོད་དང་གོ་འདོད་ཡོད་མཁན་ཚོས་ཁོང་ལ་ནག་ཉེས་མེད་པའི་ངེས་ཤེས་གསལ་པོ་རྙེད་ཚར་བ་མ་ཟད། སྔར་ལྷག་གིས་ཁོང་ལ་གདེང་འཇོག་དང་ཡིད་ཆེས་བྱེད་མཁན་མང་དུ་ཕྱིན་ཡོད་པ་དེ་བཤད་མ་དགོས་པ་རེད། ཡིན་ནའང་། ཁོང་ལ་སྔར་ནས་འདོད་པ་མེད་མཁན་དང་མཐའ་གཅིག་ཏུ་དགག་པ་རྒྱག་མཁན་ཚོས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤེན་པ་ཚེ་རིང་ལ་ནག་ཉེས་མེད་པའི་བཅད་ཁྲ་ཐེངས་བརྒྱ་བཏང་ནའང་སོ་སོའི་ལག་པའི་ནང་དུ་ཡོད་པའི་འོས་ཤོག་གཅིག་པོ་དེ་སྤེན་པ་ཚེ་རིང་ལ་བླུག་གི་མ་རེད།

ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ། ༢༠༢༡ ལོའི་སྲིད་སྐྱོང་གི་འོས་དམིགས་ནང་ཡོང་གི་ཡོད་པའི་གནད་ཡོད་ཅིག་ནི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་རེད། མི་མང་པོ་ཞིག་གིས་ཁོང་འོས་དམིགས་སུ་ལངས་ཀྱི་མ་རེད་ཅེས་རྒྱུ་མཚན་དུ་མ་རེ་བགྲང་ཡོང་གི་ཡོད་ནའང་། རེ་བ་རྒྱག་མཁན་ཡང་མང་པོ་འདུག ཁོང་སྲིད་སྐྱོང་འོས་མིར་ལངས་པ་ཡིན་ན་འོས་མི་གསར་པ་ཞིག་ཡིན་པ་དང་། བཙན་བྱོལ་བོད་མི་ཙམ་དུ་མ་ཟད། བོད་ནང་གི་བོད་མི་མང་པོས་སྔར་ནས་གོ་ཐོས་སུ་གྱུར་ཞིང་ཡིད་ཆེས་ཆེན་པོ་བྱེད་ས་ཞིག་ཡིན་པ་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་ཚོའི་ཁ་ནས་མང་པོ་གོ་རྒྱུ་ཡོད་པ་རེད།

ཁོང་ཕྱི་ལོ་ ༡༩༧༧ ནས་གཞུང་ཞབས་ཁོངས་སུ་ཞུགས་ཏེ། ཕྱི་ལོ་ ༡༩༩༣ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་དང་། ཕྱི་ལོ་ ༢༠༠༧ ལོར་བཀའ་ཤག་སྐབས་བཅུ་གསུམ་པའི་བདེ་སྲུང་བཀའ་བློན་དུ་བསྐོས། ཕྱི་ལོ་ ༢༠༡༡ ལོའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བཀའ་ཤག་གསར་པའི་ངོས་ནས་བསྐྱར་དུ་ཁོང་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་གནང་ཡོད་པ་རེད། འདས་པའི་ལོ་ངོ་ ༤༠ ལྷག་གི་རིང་ཁོང་གིས་༧གོང་ས་མཆོག་གི་སྐུ་ཕྱཱར་སྲུང་སྐྱོབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་བོད་ཕྱི་ནང་གཉིས་ཀྱི་ཟམ་པ་ལྟ་བུའི་ལས་འགན་འཁུར་ཏེ་ཕན་འབྲས་རླབས་ཆེན་ཐོན་ཡོད་པ་རེད།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལྟ་བུར་མཚོན་ན་དེ་སྔ་སྤྱི་ཚོགས་ནང་ལབ་གླེང་གྲགས་འགུལ་རིགས་དེ་ཙམ་མེད་ཀྱང་། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ཉིན་བཀའ་ཤག་གིས་གློ་བུར་དུ་འབྲོང་ཆུང་དངོས་གྲུབ་བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཡོད་པའི་གསལ་བསྒྲགས་སྤེལ། ཡང་དྷ་རམ་ས་ལའི་གསར་འགོད་པ་ཚོ་མཉམ་རུབ་ཐོག་ཁོང་གི་སར་ཕྱིན་ནས་ཅིའི་ཕྱིར་རྩ་དགོངས་ཞུས་པ་ཡིན་འདྲི་དུས། ཁོང་གིས་རྩ་དགོངས་ཞུ་དགོས་བའི་རྒྱུ་མཚན་གཙོ་བོ་བར་ལམ་རྣམ་པ་ཚོ་ཚང་མས་མཁྱེན་གསལ་ལྟར་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལྗིད་པོ་ཕེབས་གནང་ཡོད་པ་དང་། དེའི་ཐོག་ཉེ་ཆར་གྲོས་ཚོགས་གྲོལ་རྗེས་ཆོས་སྐྱོང་ཚོ་སྤྱན་འདྲེན་ཞུས་སྐབས་བཀའ་ལུང་ལྗིད་པོ་ཞེ་བོ་ཕེབས་འདུག དེ་འདྲ་ལ་བརྟེན་ནས་སོ་སོའི་འགན་དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་ཙང་འགན་འཁུར་མ་ཐུབ་པའི་གནས་སྟངས་ཞིག་སེམས་ལ་རྡོག་ཁྲེས་ཡོད་པ་ཡིན་ཙང་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་ཡིན་ཞེས་བརྗོད་ཡོད་པ་རེད། སྐབས་དེར་སྤྱི་ཚོགས་ནང་འུར་ཟིང་ཆེ་བས་ཡང་བཀའ་བློན་ཞིག་གིས་རྩ་དགོངས་ཞུས་འདུག་ཅེས་ཡར་འཐེན་མར་འཐེན་གྱི་དོགས་སློང་ཤུགས་ཆེན་པོ་བྱུང་བ་མ་ཟད། ཁོང་དང་འབྲེལ་འདྲིས་ཟབ་པའི་ལས་བྱེད་དང་ཆབ་སྲིད་བཙོན་ཟུར། དེ་བཞིན་རྩོམ་པ་པོ་མི་ཉུང་བ་ཞིག་གིས་ནམ་ཡང་དྲན་པར་འོས་པའི་བདེ་སྲུང་བཀའ་བློན་མི་རྗེ་འབྲོང་ཆུང་དངོས་གྲུབ་མཆོག་ཞེས་པ་སོགས་ཀྱི་རྩོམ་ཡིག་དང་། ཁོང་ལ་བསྟོད་པའི་གཞས་ཚིག་བརྩམས་པ་དང་གཟེངས་བསྟོད་ཕུལ་བ་སོགས་བྱས་ཏེ་བཀའ་དྲིན་རྗེས་དྲན་ཞུས།

ཁོང་གིས་མི་ལོ་ ༤༠ ལྷག་རིང་འཛིན་སྐྱོང་ནང་ལས་ཀ་བྱས་པའི་ཉམས་མྱོང་དེ་ནི་མ་འོངས་པའི་སྲིད་སྐྱོང་འོས་མི་ཞིག་ལ་ཤིན་ཏུ་ཚང་བར་དཀོན་པའི་ཆ་རྐྱེན་བླ་ན་མེད་པ་ཞིག་ཡིན་ངེས་པ་རེད། འོན་ཀྱང་། ཁོང་སྲིད་སྐྱོང་འོས་མིར་ལངས་ཀྱི་མ་རེད་ཟེར་མཁན་ཚོར་རྒྱུ་མཚན་འདི་འདྲ་རེ་བགྲང་རྒྱུ་འདུག ཁོང་ལ་ནང་མིའི་འཕྲོད་བསྟེན་གྱི་ཐོག་ནས་སྤྱི་དོན་རྒྱ་ཆེན་པོ་དེར་ལོ་ནས་ལོ་བསྟུད་ཀྱི་ཆུ་ཚོད་གཏོང་ཐུབ་པར་དཀའ་ངལ་ཆེན་པོ་ཡོད་པ་དང་། ཡང་གནས་སྟངས་གཞན་ཞིག་ནི་ཆབ་སྲིད་ཀྱི་མཁའ་དབུགས་འབག་བཙོག་ཁྲོད་ཆེ་ཆུང་དང་ངོས་འཛིན་ག་འདྲ་ཡིན་མིན་ལ་མ་ལྟོས་པར་བོད་ཕྱི་ནང་གཉིས་ཀྱི་གཞི་རྟེན་དུ་གྱུར་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དེ་ནི་ཁ་གསལ་ནམ་ལངས་ཤིག་ཡིན་དགོས་པར་འདོད་པས། བཀའ་ཟུར་ཁོང་གི་གསུང་སྐད་ཀྱི་ཐོག་ནས་དཀའ་ངལ་ཡོད་པ་དང་། སྲིད་སྐྱོང་ནི་ཆབ་སྲིད་ཀྱི་གཡུལ་སར་འགྲོ་མཁན་ཞིག་ཀྱང་ཡིན་པས། གཞན་སེམས་འཕྲོག་པའི་གཏམ་གྱི་རྩལ་མཉེན་ལྕུག་ལྡན་པ་ཞིག་ཀྱང་མེད་དུ་མི་རུང་བས། ཁོང་གིས་འདི་ལྟ་བུའི་གཡུལ་སར་ཞུགས་འདོད་གནང་ཁག་པོ་ཡིན་ལ། གདེང་ཚོད་ཀྱང་དེ་ཙམ་གྱིས་མེད་སྲིད་པ་རེད།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས།
ད་ལྟ་སྤྱི་ཚོགས་ནང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་གཅིག་ཏུ་གླེང་གི་ཡོད་པའི་གནད་ཡོད་མི་སྣ་གཞན་ཞིག་ནི་པདྨ་འབྱུང་གནས་རེད། གལ་སྲིད་ལངས་པ་ཡིན་ན་ཁོང་སྲིད་སྐྱོང་འོས་དམིགས་གསར་པ་ཞིག་ཆགས་ཡོད་པ་རེད། ཁོང་ནི་སྤྱི་ཚོགས་ནང་གླེང་གཞི་ཆེན་པོ་མེད་པའི་གངས་ཅན་སྐྱིད་གཤོངས་ཀྱི་མི་སྣ་རྒན་གྲས་ཤིག་ཏུ་གྱུར་ཡོད་པ་རེད།
ཕྱི་ལོ་ ༡༩༨༨ ལོ་ནས་སྐབས་ལྔ་བསྟུད་མར་ས་སྐྱའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་དང་། སྐབས་ ༡༥ དང་ ༡༦ གཉིས་ཀར་དབུས་གཙང་སྤྱི་འཐུས་སུ་བདམས་ཡོད་པ་མ་ཟད། སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། སྐབས་ ༡༦ པའི་དུས་ཡུན་ལོ་གཉིས་དང་ཕྱེད་རིང་གི་ཚོགས་གཙོའི་ལས་འགན་འཁུར་བཞིན་ཡོད་པ་རེད། འདས་པའི་ལོ་ ༣༠ ལྷག་གི་རིང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་དང་། བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་སོགས་སྤྱི་ལྷན་གྱི་ཚོགས་ཆུང་ཁག་ ༣༠ ནང་ཆེད་བསྐོས་གནང་ཡོད་སྟབས། ཁྲིམས་བཟོའི་ཕྱོགས་ནས་ད་ལྟའི་སྲིད་སྐྱོང་འོས་དམིགས་རྣམས་ཀྱི་ཁྲོད་ནས་ཁོང་ནི་ཉམས་མྱོང་རྩེར་སོན་པ་དེ་རེད་ལ། འཛིན་སྐྱོང་གི་ཉམས་མྱོང་ཡང་གང་ལེགས་ཡོད་པ་རེད།
ད་ལྟ་ཚོད་དཔག་བྱེད་མཁན་ཚོ་ཐེ་ཚོམ་གྱི་གནས་སུ་ལྷག་བསྡད་ཡོད་པ་ཞིག་ནི། ཁོང་ལ་ཕྱོགས་འབྲེལ་གྱི་ནུས་པ་ཅི་ཙམ་ཡོད་མེད་དེ་རེད། དེ་ནི་སྲིད་སྐྱོང་ཞིག་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གལ་ཆེན་ཞིག་ཀྱང་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡༢ ཚེས་༡ ཉིན་ཁོང་གིས་ཚོགས་གཙོའི་ལས་འཁུར་དམ་བཅའ་ཕུལ་ཏེ་ཕྱག་ལས་དངོས་སུ་མགོ་འཛུགས་སྐབས། དྷ་ས་རམ་ས་ལ་ཁུལ་གྱི་གསར་འགོད་པ་ཚོ་འཚང་ཤིག་ཤིག་གིས་ཁོང་གི་གམ་དུ་བཅར་ཏེ། ཚོགས་གཙོའི་ལས་ཡུན་ཕྱེད་དེའི་རིང་ཕྱག་ལས་གཙོ་བོ་ག་རེ་གནང་གི་ཡིན་ཞེས་བརྡ་འདེད་གཏོང་སྐབས། ཁོང་གིས་ང་ཚོ་རྒྱ་གར་ལུང་པའི་ནང་བསྡད་ཡོད་དུས་རྒྱ་གར་གྱི་མངའ་སྡེའི་གྲོས་ཚོགས་གང་མང་མང་ལ་འབྲེལ་བ་འཛུགས་ཐུབ་ཐབས་ཐད་ཤུགས་རྒྱག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། ཁོང་ལ་སྔར་ནས་ཡོད་པའི་འདུན་པ་དེ་དང་ད་ལྟ་སྤྱི་འཐུས་རྣམ་པ་ཆ་བགོས་བྱས་ནས་རྒྱ་གར་དབུས་སའི་དཔོན་རིགས་དང་། དེ་བཞིན་ཕྱི་རྒྱལ་ཁག་ཏུ་མང་པོ་བསྐྱོད་དེ་བོད་དོན་གོ་རྟོགས་སྤེལ་བ་དང་། བོད་དོན་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་ཡོད་པ་དེའང་ཁ་ཡོད་སར་ལག་པ་ཐོན་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་རེད།
གང་ལྟར་ཁོང་སྤྱི་འཐུས་སུ་བསྟུད་མར་འདེམས་ཐོན་བྱུང་སྐབས་ཆོས་བརྒྱུད་ས་སྐྱ་བ་དང་དབུས་གཙང་མི་མང་གིས་རྒྱབ་སྐྱོར་དང་ཡིད་ཆེས་ཆེན་པོ་བྱས་པ་ལ་བརྟེན་ནས་བྱུང་བ་རེད་ལ། ལྷག་པར་དུ་མངའ་རིས་ཁོངས་ན་ཁོང་ལ་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། འོས་མི་གཞན་གྱི་འཚང་ཁ་མ་ཐེབས་ན་ཕྱི་ལོ་ ༢༠༢༡ ལོར་ཁོང་ལ་སྔར་བཞིན་རྒྱབ་སྐྱོར་ཡོད་ངེས་རེད།

བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས།ཁོང་ནི་ང་ལ་མཚོན་ན་ཆེས་རྒྱུས་མངའ་ཆུང་བའི་སྲིད་སྐྱོང་འོས་དམིགས་ཤིག་ཡིན། ང་ཙམ་མ་ཟད་བོད་མི་མང་པོ་ཞིག་ལའང་དེ་འདྲ་ཡིན་སྲིད། གང་ཡིན་ཟེར་ན། ཁོང་ཕྱི་རྒྱལ་དུ་བཞུགས་ཡུན་རིང་བ་དང་ནམ་རྒྱུན་བོད་པའི་སྤྱི་ཚོགས་ནང་ཐོན་པའང་ཅུང་དཀོན་པོ་ཡིན་པར་སྣང་། ངས་ཁོང་གི་གསུང་བཤད་ཧྲིལ་པོ་ཞིག་ཉན་པ་ནི། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་དབུ་མའི་ལམ་ལས་འགུལ་ཁང་དབུ་བརྙེས་ནས་ལོ་གཅིག་འཁོར་བའི་མཛད་སྒོའི་སྟེང་། སྐུ་མགྲོན་གཙོ་བོ་ཡིན་པའི་ཐོག་ནས་ཁོང་གིས་དབུ་མའི་ལམ་གྱི་སྐོར་ལ་གསུང་བཤད་གནད་ལ་ཁེལ་བ་ཞིག་བྱས་པ་དེ་ཡིན།

ཁོང་ཕྱི་ལོ་ ༡༩༩༦ ལོར་བོད་མི་མང་སྤྱི་ལྷན་སྐབས་ ༡༢ པའི་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་། ཕྱི་དྲིལ། འཕྲོད་བསྟེན་བཅས་ཀྱི་བཀའ་བློན་བྱས། དེ་ནས་ཕྱི་ལོ་ ༢༠༠༩ ནས་ ༢༠༡༣ བར་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་ཞུས་ཤིང་། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡ ནས་བཟུང་ད་བར་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་གྱི་ལས་འགན་འཁུར་གྱི་འདུག ཁོང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནང་མ་ཞུགས་གོང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གསར་འཛུགས་བྱེད་མཁན་གྱི་གྲས་སུ་ཡང་ཡོད་པ་སོགས། མང་ཚོགས་རང་བཞིན་གྱི་ཚོགས་སྡེ་ཁག་དང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ནང་ལོ་མང་ལས་ཀ་བྱས་ཡོད་པ་དང་། ལྷག་པར་དུ་ཨ་རིའི་གནད་ཡོད་གཞུང་འབྲེལ་མི་སྣ་དང་ཕྱི་འབྲེལ་སྲིད་བྱུས་སོགས་ཀྱི་ཐད་ལ་རྒྱུས་མངའ་ཆེན་པོ་ཡོད་ངེས་པས། ང་ཚོས་ཚོད་དཔག་བྱེད་བཞིན་པའི་སྲིད་སྐྱོང་འོས་དམིགས་རྣམས་ཀྱི་ཁྲོད་ནས་ཕྱི་འབྲེལ་ཐད་ཉམས་མྱོང་དང་གོ་རྟོགས་མཐོ་ཤོས་དེ་ཡིན་སྲིད་པ་རེད།

ད་ལྟ་ཁོང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དུ་ལངས་པའི་ཆེད་གཉེར་ངོ་དེབ་ཅིག་ཀྱང་མཐོང་རྒྱུ་འདུག འདས་པའི་ཉམས་མྱོང་ལ་གཞིགས་ནས་བཤད་ན། ཁོང་གིས་འོས་བསྡུའི་དྲིལ་བསྒྲགས་མགོ་བཙུགས་ཏེ་གཞིས་ཆགས་དང་དགོན་སྡེ། དེ་བཞིན་བོད་མི་འདུས་སྡོད་ཁུལ་དུ་ཕྱིན་པ་ཡིན་ན། གཞོན་སྐྱེས་མང་པོ་ཞིག་གིས་དགའ་མོས་བྱེད་སྲིད་པའི་ཆ་རྐྱེན་ཞིག་ཁོང་ལ་ཚང་ངེས་རེད་བསམ་གྱི་འདུག འོན་ཀྱང་། དངོས་གཞིའི་ནང་བཀའ་ཟུར་ཁོང་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་གཉིས་ཁེལ་སོང་བ་ཡིན་ན། ཁོང་གཉིས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཚོའི་འོས་ཤོག་དེ་འཐོར་སྲིད་པའི་ཉེན་ཁ་ཡོད་པ་རེད།

སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར།ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་དམིགས་སུ་ལངས་རྒྱུ་ཡིན་པའི་ཚོད་དཔག་ཤུགས་ཆེ་ཤོས་བྱེད་ཀྱི་ཡོད་པའི་མི་སྣ་གཅིག་ནི་དབུ་དཀར་ཚང་སྐལ་རྡོར་རེད། ཁོང་ནི་འོས་དམིགས་ཁྲོད་ཀྱི་ལོ་ན་གཞོན་ཤོས་དེ་ཡིན་སྲིད་ལ། གངས་ཅན་སྐྱིད་གཤོངས་སུ་ལས་ཡུན་ཐུང་ཤོས་ཀྱི་འོས་དམིགས་གསར་པ་ཞིག་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༡ ལོའི་ཡར་སྔོན་དུ་བོད་པའི་སྤྱི་ཚོགས་ནང་ཁོང་ལ་རྒྱུས་ཡོད་མཁན་ཉུང་ཉུང་ཡིན་པ་རེད།

ཕྱི་ལོ་ ༢༠༡༡ ལོར་བློ་བཟང་སེང་གེ་མཆོག་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བ་དང་བསྟུན། ལོ་དེར་དབུ་དཀར་ཚང་སྐལ་རྡོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དམིགས་བསལ་སློབ་སྟོན་པའི་གྲས་སུ་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་སྐབས་དེའི་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ཀྱིས་རྩ་དགོངས་ཞུས་པའི་རྐྱེན་གྱིས། ལོ་དེའི་ཕྱི་ཟླ་ ༩ ནས་ཕྱི་ལོ་ ༢༠༡༦ ཟླ་ ༨ བར་གྱི་ལོ་གསུམ་རིང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་འགན་འཁུར་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱས་མ་མྱོང་ཞིང་། བོད་མིར་རྒྱུས་མངའ་ཆུང་བའི་ཁོང་ཐད་ཀར་ཨ་རིའི་དོན་གཅོད་དུ་བསྐོ་བཞག་གནང་རྗེས། བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཞིག་བྱུང་ཡོད་པ་རེད།

སྐལ་རྡོར་ནི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བློ་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་ལ། དེ་ལ་བོད་ཀྱི་སྲོལ་རྒྱུན་ལྟར་ལབ་ན། ཁོང་ནི་སྲིད་སྐྱོང་མཆོག་གི་སྤྱན་གསལ་ཡིན་སྟབས། ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁོང་གཉིས་ཀྱིས་གཅིག་ལ་གཅིག་རྟེན་གྱི་རོགས་འདེགས་འོག་སྐལ་རྡོར་ལ་སྲིད་སྐྱོང་འོས་མིའི་རྒྱལ་ཁ་འཐོབ་པར་ཐབས་ཇུས་གཏིང་རིང་པོ་འཛིན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག

ཨ་རིའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་འཕོ་འགྱུར་བཏང་རྗེས། སྐལ་རྡོར་གནད་དོན་དེ་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་བ་རེད། དོན་གཅོད་ཁང་གི་ཨ་སྒོར་ས་ཡ་ ༡ དང་ཕྱེད་ཀའི་གནད་དོན་དེར་བོད་པའི་སྤྱི་ཚོགས་ཁྲོད་གླེང་གཞི་ཆེན་པོ་ཆགས་པ་མ་ཟད། ཨ་རིའི་འབྲེལ་ཡོད་ལས་ཁུངས་ནས་ཀྱང་དེ་ལ་ཡིག་ཐོག་ནས་གསལ་བཤད་བྱེད་དགོས་ཁེལ་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཏང་བའི་ཁ་མཆུ་ ༢༠ པའི་བཅད་ཁྲའི་ནང་དུ། དོན་ཟུར་སྐལ་རྡོར་གྱིས་བུ་ལོན་གྱི་གན་ཡིག་དེ་དོན་གཅོད་གསར་པར་རྩིས་སྤྲོད་བྱས་མེད་པའི་ཐོག ལས་ཁུངས་ཀྱི་ཡིག་སྣོད་ནང་དུའང་བཞག་མི་འདུག ཅེས་བཀོད་ཡོད་པ་རེད།

དེ་བཞིན་སྤྱི་ཚོགས་ནང་ཁོང་ལ་ལབ་གླེང་སྐྱོན་བརྗོད་གཞན་ཞིག་ནི། ཁོང་ཨ་རིའི་དོན་གཅོད་ཡིན་སྐབས་ཏེ་ཕྱི་ལོ་ ༢༠༡༤ ལོར་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་སྐྱོང་སྐབས། དོལ་རྒྱལ་རྗེས་འབྲང་བ་ཕྱི་རྒྱལ་གྱི་ཨ་ནེ་ཞིག་ཁོང་གི་སྐུ་གམ་དུ་བཅར་སྟེ་རྙོག་དྲ་བཤད་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས། བོད་མི་སོགས་དོ་སྣང་ཅན་མང་པོ་ཞིག་ལ་སེམས་འཚབ་བྱུང་ནས་འབྲེལ་ཡོད་དོན་གཅོད་ཀྱིས་ཡིད་གཟབ་མ་བྱས་པའི་སྐྱོན་བརྗོད་མང་པོ་བྱུང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་དུའང་ཚོར་ཤུགས་ཆེན་པོས་གླེང་སློང་བྱུང་ཡོད་པ་མ་ཟད། རྗེས་ཕྱོགས་འབྲེལ་ཡོད་ལས་ཁུངས་དང་འགན་འཁུར་བ་ཚོས་ཉེན་ཚབས་ཆེ་བའི་གནད་དོན་དེ་འདྲ་གཏན་ནས་འབྱུང་དུ་འཇུག་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་པ་རེད།

སྐལ་རྡོར་ནི་ད་ལྟ་ང་ཚོས་ཚོད་དཔག་བྱེད་བཞིན་པའི་སྲིད་སྐྱོང་འོས་དམིགས་གཞན་དང་བསྡུར་ན། ཁོང་ལ་སྤྱི་ཚོགས་ནང་ངོས་འཛིན་ག་འདྲ་ཞིག་ཡོད་མེད་དང་། མ་འོངས་པར་འོས་བསྡུའི་དྲིལ་བསྒྲགས་ནང་ཞུགས་ཡོང་སྐབས་མི་མང་ལ་གྲུབ་འབྲས་ཅི་ཞིག་འཁྱེར་ཡོང་རྒྱུ་ཡོད་མེད་དེ་བཤད་ཚོད་ཐིག་ཁག་པོ་རེད།  ཡིན་ནའང་། ཕྱི་ལོ་ ༢༠༡༡ ནས་བཟུང་ཁོང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་འཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་ཆེ་བའི་ལས་འགན་ཁག་ཅིག་གི་ཐོག་འགན་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༩  ཟླ་ ༦ པ་ནས་ཟླ་གཅིག་རིང་ཁོང་དང་ལས་རོགས་ཤིག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མ་དངུལ་ཆེད་ཨ་རི་དང་ཁེ་ན་ཌའི་ནང་སྐོར་བསྐྱོད་བྱས་ཏེ། ཨ་སྒོར་ས་ཡ་ ༡ རག་ཡོད་པའི་གསལ་བསྒྲགས་གནང་ཡོད་པ་ལྟར་ལས་དོན་ལ་གྲུབ་འབྲས་ཀྱང་མང་པོ་སོན་ཡོད་ངེས་རེད།  གང་ལྟར་ལས་ཐོག་སྲིད་སྐྱོང་མཆོག་གི་རྒྱབ་སྐྱོར་བའི་ནང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གང་ཙམ་མང་པོ་ཡོད་སྲིད་པ་རེད།

མི་མང་གི་ཚོད་དཔག་ལ་མཐའ་མེད་པ་བཞིན་ངས་གོང་དུ་ཞུས་པའི་འོས་དམིགས་རྣམས་ཀྱི་ནང་དུ་མ་ཚུད་པའི་འོས་དམིགས་གཞན་འགའ་རེའང་འདུག དེ་དག་ནི་ཉམས་མྱོང་ཆེ་ཞིང་རྒྱ་གར་གྱི་ཆབ་སྲིད་སྤྱི་ཚོགས་ནང་འབྲེལ་བ་བཟང་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་དང་། ཁྲིམས་བཟོ་དང་འཛིན་སྐྱོང་གཉིས་ཀར་ཉམས་མྱོང་ལྡན་པའི་དཔལ་འབྱོར་བཀའ་བློན་ལས་ཐོག་ཀརྨ་ཡེ་ཤེས། ད་དུང་ཨ་རིའི་གཞུང་གི་དཔོན་གནས་མཐོ་ཤོས་སུ་བསླེབས་པའི་བོད་རིགས་དང་པོར་ངོས་འཛིན་ཞུས་པའི་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་བསྟན་འཛིན་རྡོ་རྗེ་སོགས་མི་མང་གི་ཁ་ནང་མིག་ནང་ན་རྒྱུ་བཞིན་པའི་འོས་དམིགས་རེ་རེ་ཆགས་བསྡད་ཡོད་ལ། ད་དུང་ཁུ་སིམ་སིམ་ངང་ཧོབ་ཏེ་ཐོན་ཡོང་མཁན་གྱི་འོས་དམིགས་རེའང་ཡོད་སྲིད་པ་རེད་དོ།།

བསྐྱར་བཅོས།: ༢༠༢༠/༠༢/༢༧

Leave a Reply

23 thoughts on “ ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་དམིགས་འགའ་ལ་དཔྱད་པ།