མི་སེར་ཐོབ་ཐང་གི་བཅའ་ཁྲིམས་ལ་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་མཁན་བར་འཁྲུག་འཛིང་ཤོར།

རྒྱ་གར་རྒྱལ་ས་ལྡི་ལིའི་བྱང་ཕྱོགས་སུ་མི་སེར་ཐོབ་ཐང་གི་བཅའ་ཁྲིམས་ལ་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་མཁན་བར་འཁྲུག་འཛིང་ཤོར་ཏེ། མི་གྲངས་ ༢༡ ལྷག་གི་སྲོག་ཤོར་ཡོད་པ་དང་། མི་གྲངས་ ༡༨༨ བརྒལ་བར་རྨས་སྐྱོན་ཕོག་འདུག
དེ་རིང་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བྱང་ཕྱོགས་སུ་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་མགོ་བཙུགས་ཏེ། ཉེ་ལམ་རྒྱ་གར་གྱི་གྲོས་ཚོགས་ནས་གཏན་འབེབ་བྱུང་བའི་མི་སེར་ཐོབ་ཐང་གི་བཅའ་ཁྲིམས་ལ་ངོ་རྒོལ་དང་རྒྱབ་སྐྱོར་བྱེད་མཁན་མི་མང་གཉིས་ཀྱི་བར་འཁྲུག་འཛིང་བྱུང་ཡོད་ཅིང་། འཁྲུག་འཛིང་དེའི་ཁྲོད་མི་གྲངས་ ༢༡ལྷག་དང་ཉེན་རྟོག་པའི་མགོ་ཁྲིད་གཅིག་གི་སྲོག་ཤོར་ཡོད་པ་དང་། མི་མང་ ༡༨༨ བརྒལ་བར་རྨས་སྐྱོན་ཕོག་ཡོད་པ་དང་། བཅའ་ཁྲིམས་དེར་ངོ་རྒོལ་བྱེད་མཁན་མང་ཆེ་བ་ཁ་ཆེ་ཆོས་ལུགས་རྗེས་འབྲང་བ་ཡིན་པ་དང་། རྒྱབ་སྐྱོར་བྱེད་མཁན་རྣམས་ནི་ཧིན་རྡུ་ཆོས་ལུགས་ཀྱི་རྗེས་འབྲང་བ་ཡིན་འདུག
ངོ་རྒོལ་བ་ཕན་ཚུན་བར་རྡོ་དང་དབྱུག་པ་གཡུག་རེས་བྱས་ཡོད་པ་དང་། ཟིང་འཁྲུག་ཁྲོད་མི་རྒྱུ་གཉིས་ལ་གཏོར་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་།  ཉེན་རྟོག་པས་ངོ་རྒོལ་བའི་སྟེང་མིག་ཆུའི་དུག་རླངས་གཡུགས་ཏེ་གནས་སྟངས་འཇགས་ཐབས་བྱས་ཡོད་ཀྱང་། ངོ་རྒོལ་བའི་གྲངས་འབོར་ཆེན་པོ་ཡིན་པའི་རྐྱེན་གྱིས་ལྷིང་འཇགས་བཟོ་ཐུབ་མེད་པ་རེད།

དེ་རིང་སྔ་དྲོར་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་བིན་ཀེ་ཇུ་རི་བྷལ་གྱིས། དེ་རིང་ཕྱི་དྲོའི་བར་ཟིང་འཁྲུག་དེ་ཞི་འཇགས་མ་འབྱུང་ན། གང་མྱུར་དམིགས་བསལ་རྒྱལ་སྲུང་དམག་མི་གཏོང་རྒྱུ་མ་ཟད། ཟིང་འཁྲུག་འབྱུང་བཞིན་པའི་ས་གནས་ཁག་ཏུ་ཛ་དྲག་གི་གནས་སྟངས་གསལ་བསྒྲགས་ཀྱིས་རང་ཁྱིམ་ནས་ཕྱིར་ཐོན་མ་ཆོག་པའི་བཀོད་ཁྱབ་གཏང་གི་ཡིན་ལུགས་བརྗོད་འདུག

རྒྱ་གར་གྱི་བདེ་སྲུང་སློབ་སྟོན་པ་ཨ་ཇིཏ་དོ་ཡལ་གྱིས། ས་གནས་དེ་དག་ཏུ་ད་ཆ་ཉེན་རྟོག་པ་མང་དུ་བཏང་ཡོད། སུས་ཀྱང་ཞེད་སྣང་བྱེད་དགོས་པ་མེད། ཉེན་རྟོག་པ་རྣམས་ལ་ཡིད་ཆེས་བྱེད་རོགས་གནང་། ཞེས་གསར་ལམ་ཁག་ཏུ་གསལ་བཤད་བྱས་འདུག

ཟིང་འཁྲུག་ཐོག་མར་བྱུང་བ་མཐོང་མཁན་ཞིག་གིས། ངོ་རྒོལ་བ་མང་པོ་ཞིག་གིས་དབྱུག་པ་བཟུང་ཡོད་པ་དང་། ཁོང་ཚོས་ཁང་པའི་སྒེའུ་དང་སྣུམ་འཁོར་རྣམས་གཏོར་བཤིག་བཏང་བ་དང་། ང་ཚོའི་སྟེང་རྡོ་གཡུགས་སོང་བས་ང་ཚོ་ཕྱི་ལོག་ཏུ་འཐོན་ནུས་མ་སོང་། ཞེས་བརྗོད་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ལོ་ངོ་བཅུ་ཕྲག་རིང་དེ་འདྲའི་གནད་དོན་ཚབས་ཆེན་བྱུང་མྱོང་མེད་པ་དང་། ལྷག་པར་དུ་ཆོས་ལུགས་གཉིས་ཀྱི་རྗེས་འབྲང་བའི་བར་དེ་འདྲ་ཟིང་འཁྲུག་ཆེན་པོ་བྱུང་བ་ཆེས་ཐོག་མ་ལྟ་བུ་ཆགས་ཡོད་པ་རེད།

རྒྱ་གར་གྱི་གྲོས་ཚོགས་གོང་འོག་ནས་པ་ཀི་སི་ཐན་དང་། བྷང་ལ་དྷེ་ཤི། དེ་བཞིན་ཨབ་གྷ་ནི་སི་ཐན་རྒྱལ་ཁབ་ནས་རྒྱ་གར་ལ་བཙན་བྱོལ་དུ་སླེབས་པའི་ཁ་ཆེ་ཕུད། ཆོས་ལུགས་རྗེས་འབྲང་བ་གཞན་རྣམས་ལ་མི་སེར་ཐོབ་ཐང་སྤྲོད་རྒྱུའི་བཅའ་ཁྲིམས་གཏན་འབེབ་བྱུང་བ་ནས། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་གར་གྱི་ད་ལྟའི་གཞུང་འཛིན་ཚོགས་པ་བི་ཇེ་པི་དང་རྒྱལ་བློན་མུ་དྷི་ཡིས་རྒྱ་གར་གྱི་ཆོས་ལུགས་རིས་མེད་ཀྱི་བཅའ་ཁྲིམས་དང་འགལ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ད་ལྟའི་བཅའ་ཁྲིམས་དེ་ཉིད་ཁ་ཆེ་ཆོས་ལུགས་ལ་མ་དགའ་བའི་རྣམ་འགྱུར་གསལ་ཤོས་ཤིག་ཆགས་ཡོད་ལུགས་རྗོད་ཀྱིིན་ཡོད་པ་རེད།

ལྡི་ལིའི་ས་གནས་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༢༧

Leave a Reply