བོད་མིས་རྒྱ་ནག་གི་ཏོག་དབྱིབས་ནད་དུག་དང་དེའི་ཤུགས་རྐྱེན་གླེང་བ།

རྒྱ་ནག་ནང་ཏོག་དབྱིབས་ནད་དུག་གི་འཆི་སྐྱོན་གོད་ཆག་ཚབས་ཆེན་ཡོང་གི་ཡོད་པ་དང་། མི་མང་གི་ཉིན་རེའི་འཚོ་བ་དཀའ་སྡུག་ཆེན་པོའི་ནང་ལྷུང་ཡོད་ལ། སྲིད་གཞུང་ལ་རེ་བ་བཅོལ་བའི་མི་མང་པོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་སྟེ། དངོས་སུ་སྤྱི་ཚོགས་བརྒྱུད་ལམ་ཁག་དང་ཁྲོམ་གཞུང་དུ་ཐོན་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། རྒྱལ་སྤྱིའི་སྥྱི ཚོགས་ནས་རོགས་སྐྱོབ་ཡོང་བའི་འབོད་སྐུལ་བྱེད་བཞིན་ཡོད་པའི་ཛ་དྲག་གི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་དང་ཕན་ཐོགས་ལགས་སོགས། དེ་བཞིན་ཁྲིམས་གླེང་དྲ་བའི་གཙོ་བདག་རྒྱ་ནག་གི་ཁྲིམས་ལུགས་ཆེད་མཁས་པ་སྒྲོལ་མ་སྐྱབས་ལགས་དང་། ཨོ་གླིང་དུ་གནས་སྡོད་བོད་ཀྱི་དུས་བབ་གསར་ཁང་གི་རྒྱ་ནག་གནད་དོན་ལྟ་ཞིབ་པ་དང་གསར་འགོད་པ་ཟུར་པ་ཚེ་རིང་རྒྱལ་ལགས་བཅས་ལ་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནད་དོན་གལ་ཆེན་ཁག་ཅིག་གི་ཐོག་བཅར་འདྲི་བྱས།

དྲི་བ། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་དུག་ (Covid-19) ལ་བརྟེན་ནས་བོད་ཀྱི་འཐབ་རྩོད་ལ་རེ་བ་དང་གོ་སྐབས་ག་རེ་མཐོང་གི་འདུག

སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ། (དོ་བདག་གི་རེ་སྐུལ་ལྟར་མིང་བཀོད་མེད) འགོས་ནད་དེའི་རྐྱེན་གྱིས་བོད་དོན་འཐབ་རྩོད་ལ་གོ་སྐབས་དང་རེ་བ་ཅི་ཙམ་ཡོད་མེད་དེ་ནི་ལྟ་སྟངས་ཙམ་རེད། ངས་ལྟ་སྟངས་གསུམ་གྱི་ཐོག་ནས་ལྟ་ཡི་ཡོད། དང་པོ་ནི་གནོན་ཤུགས་སྤྲོད་པའི་ཚོགས་སྡེ་ཁག་རེད། ཆབ་སྲིད་ཚན་རིག་རིག་པའི་ནང་དེའི་གོ་དོན་ནི་གཞུང་གང་ཞིག་གི་མ་བྱུང་པ་དེ་སྐྱོན་དུ་བལྟས་ནས་གནོན་ཤུགས་སྤྲོད་པ་དེ་ལ་ཟེར་གྱི་ཡོད་པ་རེད། ད་ལྟ་ཕྱི་རྒྱལ་གྱི་གསར་ཁང་མང་པོ་ཞིག་གི་ནང་རྒྱ་ནག་མགོ་རྟིང་སློག་པ་དང་། ཞི་ཅིན་ཕིན་གྱི་དབང་ཆ་སྒེར་སྤྱོད་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་མཐོང་རྒྱུ་ཡོད་པ་རེད། འདི་ལྟར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད་བོད་དོན་འཐབ་རྩོད་ལ་ཁེ་བཟང་རག་གི་རེད་བསམ་ཚེ་ནོར་བ་རེད། རྒྱུ་མཚན་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་བཞིན་དབུ་མའི་ལམ་ཡིན་པ་དང་། དེའི་ཐབས་ལམ་ནི་ཞི་བ་དང་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱས་ཏེ་བོད་དོན་སེལ་ཐབས་བྱེད་ཀྱི་ཡོད་པས། ང་ཚོས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ། བོད་དོན་འཐབ་རྩོད་ལ་རེ་བ་དང་གྲུབ་འབྲས་དམིགས་བསལ་ཞིག་ཡོང་གི་རེད་བསམ་པ་ཡིན་ན་ནོར་བ་རེད། རྒྱུ་མཚན་ནི་ང་ཚོ་དང་གནོན་ཤུགས་སྤྲོད་པའི་ཚོགས་སྡེ་ཁག་གཉིས་བར་གྱི་ཆབ་སྲིད་རྩེད་སྟངས་ཁ་ཁ་རེད།

གཉིས་པ་རྒྱལ་ཁབ་རང་གི་རྩ་དོན་ལ་གཞིར་བཞག་ཐོག་བལྟས་ཚེ། བོད་མིའི་སྒྲིག་འཛུགས་ཀྱི་དགོངས་དོན་དེ་རྒྱ་ནག་མཉམ་དུ་སྐད་ཆ་བཤད་དེ་ཞི་མོལ་བྱ་རྒྱུ་དེ་རེད། རྒྱལ་ཁབ་གང་ཡིན་རུང་སོ་སོའི་རྒྱལ་ཁབ་ནང་རྙོག་དྲ་གང་ཐུབ་ཉུང་དུ་གཏོང་བའི་ཐབས་ཤེས་གཏོང་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཀྱང་རྒྱ་ནག་ནང་རྙོག་དྲ་ག་དུས་ཉུང་བ་ཡོད་དུས་ཤིག་ལ་ང་ཚོ་དང་མཉམ་དུ་སྐད་ཆ་བཤད་ཀྱི་རེད། ད་ལྟའི་གློ་བའི་འགོས་ནད་དེ་རྒྱ་ནག་ནང་རྙོག་དྲ་ལྷག་མ་ཞིག་ཏུ་གྱུར་བ་རེད། རྙོག་དྲ་འདིའི་རྐྱེན་གྱིས་གལ་སྲིད་བོད་དོན་ཐོག་འབྲེལ་མོལ་བྱེད་པ་དང་ཞི་མོལ་བྱེད་པ། གཞན་གྲ་སྒྲིག་སོགས་ཀྱི་འཆར་གཞི་གང་འདྲ་ཞིག་ཡོད་ནའང་། རྒྱ་ནག་གཞུང་ཕྱོགས་ནས་ཏོག་ཙམ་འཕར་འགྱངས་བྱེད་པ་དང་དོ་སྣང་འདྲ་ཡི་མེད་པ་རེད། ཆབ་སྲིད་ཚན་རིག་པ་མང་པོ་ཞིག་གིས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་གྱུར་ཏེ་རྙོག་དྲ་ཉུང་ཉུང་ཆགས་སྐབས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་ཚུལ་བཤད་མཁན་གྱི་རིགས་ཤིག་ཡོད་པ་རེད། གནས་བབ་དེའི་འོག་ནས་བལྟས་ཚེ་ང་ཚོས་རེ་བ་རྒྱག་སྔ་དྲགས་པ་རེད། འཛམ་གླིང་ཁྱོན་ཡོངས་ནས་ཆབ་སྲིད་དང་དམག་དོན་ཐད་དོ་སྣང་ཉུང་དུ་འགྲོ་ཡི་ཡོད་ལ། རིམས་ནད་དེ་རང་གི་ཐོག་དོ་སྣང་བྱེད་ཀྱི་ཡོད་སྟབས། བོད་དོན་འཐབ་རྩོད་དང་རྒྱ་གཞུང་ལ་ཞུ་སྐུལ་བྱེད་པའི་གནས་ཚུལ་བྱུང་ཚེ། ད་ལྟའི་ཆར་ཡ་ལན་རྩ་བ་ཉིད་ནས་རག་གི་མ་རེད་བསམ་གྱི་འདུག

གསུམ་པ་དེ་ཆབ་སྲིད་དང་འབྲེལ་བ་ཆགས་ཡོད་པ་མ་རེད། འགྲོ་བ་མི་ཞིག་ཡིན་པ་དང་དམིགས་བསལ་གྱིས་ང་ཚོ་བོད་པ་རྣམས་ནང་པ་ཞིག་ཡིན་པའི་ཆ་ནས་བཟང་སྤྱོད་ཀྱི་ཐོག་ནས་ལྟ་སྟངས་ཤིག་ཡོད་པ་རེད། ད་ལྟ་མི་མང་པོ་ཞིག་ལ་རིམས་ནད་དེ་ཕོག་ཡོད་སྟབས། དེ་ལ་སྙིང་རྗེ་སྐྱེས་པ་དང་དེ་དག་མྱུར་དུ་དྲག་སྐྱེད་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དེང་སྐབས་བོད་ནང་དང་དམིགས་བསལ་གྱིས་དགོན་སྡེ་ཁག་ནས་རིམས་ནད་དེ་སྔོན་འགོག་ཆེད་ཝུ་ཧན་དང་རྒྱ་ནག་གི་གྲོང་ཁྱེར་གཞན་དག་ལ་མ་སྐུལ་དང་བླངས་ཐོག ཁ་རས་བཟོས་ནས་གཏོང་བ་དང་དངུལ་སྒོར་གྱི་ཞལ་འདེབས་ཤུགས་ཆེན་སྤྲད་དེ་ལེགས་སྐྱེས་འབུལ་བཞིན་པ་རེད། འདིའི་ཐོག་ནས་བོད་ནང་གི་བོད་མི་ཚོས་རིམས་ནད་འདིའི་ཐད་ལེགས་སྐྱེས་ཕུལ་བ་ལྟ་བུ་ཆགས་འདུག དེ་བཞིན་འཛིན་སྐྱོང་གི་ཐོག་ནས་བལྟས་ན།  སྤྱིར་རྒྱ་ནག་མི་མང་གི་འཕྲོད་བསྟེན་འཛིན་སྐྱོང་ཞན་པོ་ཡོད་པ་རེད་ལ། བོད་ནང་དེ་ལས་ཞན་པ་ཡོད་པ་རེད། དེ་བས་གློ་བུར་དུ་རིམས་ནད་ཁྱབ་ཆེན་པོ་ཞིག་སླེབས་ཚེ་སྟངས་འཛིན་མ་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། ཐེངས་འདིའི་རིམས་ནད་བྱུང་བ་རྒྱུ་མཚན་དུ་བྱས་ཏེ་བོད་ནང་གི་མི་མང་གི་འཕྲོད་བསྟེན་ཡར་རྒྱས་འགྲོ་མི་ཡོང་ངམ་སྙམ་པའི་རེ་བ་ཞིག་མཐོང་གི་འདུག

ཕྱོགས་གཞན་ཞིག་ནས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་རྒྱ་ནག་ནང་རིམས་ནད་འདི་བྱུང་བ་ལ་བརྟེན། རྒྱ་ནག་གི་དཔལ་འབྱོར་དང་དམག་དོན། མི་མང་ཁྲོད་དུ་རྣམ་འགྱུར་ཅི་ཞིག་སྟོན་གྱི་ཡོད་མེད་སོགས་གང་འདྲ་འགྲོ་ཡི་ཡོད་མེད་ལ་ལྟ་བའི་གོ་སྐབས་ཤིག་ཡིན་པས་གལ་ཆེན་པོ་ཡིན་པ་རེད། གནད་དོན་ལ་ད་ལྟ་ནས་བསྡོམས་མ་བརྒྱབ་པར་ཆབ་སྲིད་ཚན་རིག་རིག་པའི་ནང་སྒུག་ནས་ལྟ་དགོས་ (Wait and See) ཟེར་བ་ཞིག་ཡོད་པ་དེ་བེད་སྤྱོད་གཏོང་ཐུབ་ན་ཡག་པོ་ཡོད་རེད་བསམ་གྱི་དུག

 དྲི་བ། བོད་རྟའུ་ནི་རྒྱ་ནག་ཝུ་ཧན་ལྟ་བུ་ཞིག་རེད་འདུག་གམ།  དོན་དངོས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་པ་གཅིག་ལས་མ་བྱུང་བ་རེད་དམ། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་དང་ཕན་ཐོགས། བོད་ཀྱི་རྟའུ་ནི་ནད་པའི་གྲངས་ཀ་དང་ཛ་དྲག་ཡིན་མིན་གྱི་ཐད་ནས་རྒྱ་ནག་གི་ཝུ་ཧན་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བར་དུ་ནད་རྟགས་ཡོད་མཁན་མི་གྲངས་ ༥༧ བྱུང་ཡོད་པ་ལས་མི་ ༥༦ བོད་མི་ཡིན་པ་བཤད་ཀྱི་འདུག དེ་བས་རྟའུ་ནང་དེ་འདྲའི་ཛ་དྲག་པོ་ཆགས་ཡོད་པ་རེད། ལྷག་པར་དུ་ཉེ་སྔོན་དཀར་མཛེས་རྫོང་སྨན་ཁང་ལ་ N95 རྟགས་ཅན་གྱི་ཁ་རས་གྲངས་དྲུག་ཅུ་རེ་གྲངས་དང་སྨན་པའི་ལུས་པོ་ཡོངས་སྲུང་སྐྱོབ་བྱེད་པའི་གྱོན་ཆས་གཉིས་མ་གཏོགས་མེད་པའི་གནས་ཚུལ་བྱུང་བ་ནི་ས་གནས་ཀྱི་གནས་སྟངས་ཛ་དྲག་ཡིན་པ་སྟོན་གྱི་ཡོད་པ་རེད། སྤྱིར་རྒྱ་ནག་གི་ཝུ་ཧན་ནང་ཛ་དྲག་ཡིན་པ་ལ་བལྟས་ནས་བོད་ནང་ཅི་ཙམ་ཛ་དྲག་ཡིན་པ་ཚོད་དཔག་ཐིག་པ་ལྟ་བུ་ཞིག་ཡིན་པ་རེད། ད་ལྟ་བོད་ཀྱི་ས་ཁུལ་དུ་ནད་པའི་གྲངས་ཀ་ཉུང་དུ་འགྲོ་ཡི་མེད་པ་དང་ལྷག་པར་དུ་རྟའུ་ཡི་ནང་ཉིན་ལྟར་མང་དུ་འགྲོ་ཡི་ཡོད་པས། བོད་ཀྱི་རྟའུ་ནི་རྒྱ་ནག་གི་ཝུ་ཧན་ལྟ་བུ་ཞིག་རེད།

འདི་ལོའི་ཕྱི་ཟླ ༡ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཝུ་ཧན་གྲོང་ཁྱེར་ནང་གནམ་གྲུ་དང་མེ་འཁོར། གྲུ་གཟིངས་སོགས་ཆ་ཚང་གི་ཕར་ཚུར་འགྲོ་འོང་ལ་བཀག་སྡོམ་བྱས་ཡོད་ཟེར་གྱི་ཡོད་པ་རེད། འོན་ཀྱང་ལྷ་ས་དང་ཡུ་གུར་གྱི་གྲོང་ཁྱེར་ཡཱོ་རོམ་ཆི་ (Ürümqi) གཉིས་ལ་གནམ་གྲུ་གཅིག་གཉིས་ཤིག་འཕུར་འདུག་ལ། ཧོང་ཀོང་དུའང་གནམ་གྲུ་འཕུར་ཡོད་པའི་གནས་ཚུལ་འདུག ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༠ རྗེས་ལ་ས་གནས་གཞན་ཚང་མར་བཀག་ཡོད་ཀྱང་། ས་གནས་དེ་གསུམ་ལ་ངེས་པར་དུ་གནམ་གྲུ་འཕུར་དགོས་དོན་མེད་པ་རེད། དེ་བས་ས་གནས་དེ་གསུམ་ལ་གནམ་གྲུ་ངེས་པར་དུ་གཏོང་དགོས་པའི་རྒྱུ་མཚན་ག་རེ་ཡིན་མིན་ཐད་དོགས་པ་ཟ་དགོས་པ་ཞིག་རེད།

ཕྱི་ཟླ་དང་པོ་ནང་ཙམ་ལ་ཝུ་ཧན་གྲོང་ཁྱེར་ནས་བོད་རིགས་སློབ་མ་ཆིག་སྟོང་དགུ་བརྒྱ་ཙམ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཕྱིར་ལོག་ཡོད་པ་རེད། གནས་ཚུལ་ལྟར་ན་མི་གཉིས་ལྷོ་ཁར་དམ་དྲག་འོག་བཞག་པ་རེད་ལ། ཁ་ཤས་ཤིག་ལ་ཆམ་པ་ཕོག་ཡོད་པ་རེད། རྗེས་སུ་ནག་ཆུ་ལའང་གཅིག་བྱུང་ཡོད་པའི་གནས་ཚུལ་ཞིག་བྱུང་བ་རེད། ཕིན་ཕེ་ (澎湃新闻网) ཟེར་བའི་གསར་ཁང་ཞིག་ཡོད་པ་དེའི་གནས་ཚུལ་ནང་། ཝུ་ཧན་ནས་ཡིན་པའི་མི་ཞིག་ཕྱི་ཟླ་དང་པོའི་ཚེས་ ༢༣ ཉིན་ལྷ་ས་ནས་ཀ་ཅི་ཀ་(宁夏)་ཁུལ་དུ་བཟའ་ཟླ་དང་མཉམ་དུ་ཕྱིན་ཏེ་ཉིན་དགུའི་རྗེས་ནད་རྟགས་ཐོན་པ་རེད། མི་དེ་ལྷ་སར་ག་དུས་སླེབས་མིན་དང་དེ་སྔོན་ལྷ་སར་བསྡད་མྱོང་ཡོད་མེད། དེ་བཞིན་ཝུ་ཧན་ནས་ལྷ་སར་ག་དུས་ཕྱིན་མིན་སོགས་ཀྱི་གནས་ཚུལ་གསལ་པོ་མི་འདུག་པས། མི་དེར་ཝུ་ཧན་ནས་ནད་འབུ་འགོས་ནས་ལྷ་སར་ཕྱིན་པ་ཡིན་ཚེ་ལྷ་སར་ཉིན་གྲངས་ཅི་ཙམ་རིང་བསྡད་ཡོད་མེད་དང་། གལ་སྲིད་ལྷ་སར་ནད་འབུ་འགོས་ཡོད་ཚེ་མི་སུ་བརྒྱུད་ནས་འགོས་པ་ཡིན་མིན་དང་ལྷ་སར་སྡོད་རིང་མི་སུ་སུ་དང་འབྲེལ་འདྲིས་བྱུང་མིན་སོགས་དོགས་པ་ཆགས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གློ་བའི་འགོས་ནད་དང་པོ་རྩད་ཆོད་བྱུང་བ་རུས་མིང་ལ་ཀྲང་ཟེར་བ་དེ་ཕྱི་ཟླ་དང་པོའི་ཚེས་ ༢༤ ཉིན་ལྷ་སར་སླེབས་པ་རེད།

གཞན་ཞིག་ནི་ཕྱི་ཟླ་གཉིས་པའི་ཚེས་ ༣ ཉིན། རྟའུ་རུ་བློ་ག་གེ་མོ་ཟེར་བ་ཞིག་ལ་རིམས་ནད་དེ་འགོས་ཡོད་པ་གཞུང་འབྲེལ་གྱི་གཏན་འཁེལ་བྱས་པ་རེད། འདིའི་ཐད་དཀར་མཛེས་ཁུལ་སྲིད་གཞུང་གི་གནས་ཚུལ་ནང་ཁོས་ཉིང་ཁྲི་ལ་ལས་ཀ་བྱས་པ་དང་ཕྱིར་དཀར་མཛེས་ལ་ལོག་ནས་ནད་རྟགས་ཐོན་པ་ཡིན་ཚུལ་བཀོད་ཡོད་པར་བརྟེན། བོད་ནང་གི་བོད་མི་ཚོས་བོད་རང་སྐྱོང་ལྗོངས་ཟེར་བ་ནས་ཁོ་ལ་ནད་འབུ་འགོས་པ་བརྗོད་ནས་གནས་ཚུལ་དེ་ཞེད་སྣང་ཚ་བོ་ཆགས་ཡོད་པས། ལམ་སང་ཆབ་མདོའི་ཉེན་རྟོག་པས་ནད་པ་དེ་ལྷ་ས་ནས་ཆབ་མདོ་བརྒྱུད་དཀར་མཛེས་ལ་ཕྱིན་ཡོད་པ་དང་། དེའི་རྗེས་ཁྲིན་འདུར་ཕྱིན་ནས་ཕྱིར་བོད་རང་སྐྱོང་ལྗོངས་ཟེར་བར་ཡོང་མེད་ལུགས་བརྗོད་དེ། ནད་འབུ་བོད་རང་སྐྱོང་ལྗོངས་ནས་འགོས་པ་ཞིག་མིན་ལུགས་བརྗོད་ཡོད་པ་རེད། དཀར་མཛེས་ཁུལ་སྲིད་གཞུང་དང་ཆབ་མདོ་ཉེན་རྟོག་པའི་གནས་ཚུལ་གཉིས་མཐུན་གྱི་མེད་པས་དེ་ནི་དོགས་གཞི་ཞིག་ཏུ་གྱུར་ཡོད་པ་རེད། ནད་འབུ་གང་ནས་བྱུང་མིན་རྒྱ་ནག་གཞུང་གི་ག་རེ་ལབ་ལབ་ལྟ་བུ་ཞིག་རེད་འདུག གལ་སྲིད་ནད་པ་དེའི་ནད་འབུ་ཉིང་ཁྲི་ནས་ཆབ་མདོ་བརྒྱུད་འགོས་པ་ཡིན་ན་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་པ་གཅིག་གིས་མི་ཚད་པ་ངེས་གཏན་ཡིན་པ་རེད།

དྲི་བ།  རྒྱ་ནག་ནང་ཏོག་དབྱིབས་ནད་དུག་ (Covid-19) འགོས་ཁྱབ་ཚབས་ཆེན་ཕྱིན་པ་དེས་རྒྱ་ནག་གཞུང་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱི་འདུག རྒྱ་ནག་གི་ཁྲིམས་ལུགས་ཆེད་མཁས་པ་སྒྲོལ་མ་སྐྱབས། ངས་བལྟས་ན་ཐེངས་འདིའི་ནད་དུག་དང་དེ་ལས་བྱུང་བའི་གོད་ཆག་གིས་རྒྱ་ནག་གཞུང་ལ་དེའི་དབང་བསྒྱུར་གྱི་སྲོལ་རྒྱུན་ཐབས་ལམ་སྤངས་བླངས་བྱེད་མིན་གདམ་གསེས་ཤིག་ལ་ཐུག་ཡོད་པའི་གནོན་ཤུགས་ཤིག་གཞུང་དམངས་ཀྱི་ནང་ནས་སྤྲད་ཡོད་པ་དང་། སྨྲ་བརྗོད་རང་དབང་དང་དམངས་གཙོ། ཕྱི་གསལ་ནང་གསལ་མིན་པས་རྒྱལ་ཁབ་འཛིན་སྐྱོང་གི་ཚད་གཞི་ཞན་པ་ཞེས་ཕྱི་ཡི་རྒྱལ་ཁབ་ཀྱི་མཚང་ཐོག་ཏུ་ཕོག་པའི་སྐྱོན་བརྗོད་ནི་ཕྱི་ནས་སྤྲད་པའི་གནོན་ཤུགས་ཡིན་པར་འདོད།

དྲི་བ། རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་ཏུ་རིམས་ནད་སྐོར་ལ་དཀྲོག་གཏམ་སྤེལ་མཁན་འཛིན་བཟུང་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་བྱས་ཡོད་སྐོར་དང་། གོང་རིམ་གྱི་བཀའ་བཀོད་ལ་མ་ཉན་པར་གང་འདོད་འདུ་འཛོམས་དང་འགྲོ་སྐྱོད་རིགས་བྱས་ན་ཁྲིམས་ཆད་ཕོག་རྒྱུ་ཡིན་པའི་ཉེན་བརྡ་སྡེ་བ་སོ་སོའི་ནང་དུའང་འབྱོར་པ་མ་ཟད།  མི་ཁག་ཅིག་འཛིན་བཟུང་དང་སློབ་གསོ་བཏང་ཡོད་པའི་གནས་ཚུལ་ཡང་ཐོན་སོང་།  ཁྱེད་ཀྱིས་དུས་རྒྱུན་མི་མང་ལ་ཁ་ཕྱོགས་ཏེ་རྒྱ་ནག་གི་ཁྲིམས་ལུགས་རྒྱུན་ཤེས་མང་པོ་ཞིག་བསྒྱུར་སྤེལ་གནང་བཞིན་ཡོད་དུས། རྒྱ་ནག་གཞུང་མང་གཉིས་ཛ་དྲག་གི་གནས་སྟངས་འོག་ལྷུང་བའི་སྐབས་འདིར་སྲིད་གཞུང་གིས་ཁྲིམས་ལུགས་ལག་བསྟར་ག་འདྲ་བྱེད་ཀྱི་འདུག

ཁྲིམས་ལུགས་ཆེད་མཁས་པ་སྒྲོལ་མ་སྐྱབས། སྤྱིར་ཛ་དྲག་གི་དུས་སྐབས་སུ་སྲིད་གཞུང་གི་དབང་ཐང་རྒྱ་བསྐྱེད་ཅིང་མི་མང་གི་ཐོབ་ཐང་བསྐྱུང་དགོས་པ་ནི་རྒྱལ་ཁབ་ཀུན་ལ་ཡོད་པ་ཞིག་ཡིན། རྒྱ་ནག་ལ་མཚོན་ནའང་འགོས་ནད་འགོག་བཅོས་ཀྱི་ཁྲིམས་དང་འཕྲལ་བྱུང་གློ་བུར་དོན་རྐྱེན་གདོང་ལེན་གྱི་ཁྲིམས་སོགས་ཀྱི་ནང་དུ་ཛ་དྲག་གི་དུས་སྐབས་སུ་སྲིད་གཞུང་ལ་དབང་ཐང་དམིགས་བསལ་སྤྲོད་པ་དང་སྤྱི་དམངས་ཀྱི་ཐོབ་ཐང་བསྐྱུང་དགོས་པ་བཅས་ཡོད། འོན་ཀྱང་སྲིད་གཞུང་གི་དབང་བསྒྱུར་ལྟེ་བར་འཛིན་ཅིང་སྤྱི་དམངས་ཀྱི་ཐོབ་ཐང་ཕལ་བར་འཛིན་པའི་རྒྱལ་ཁབ་ནང་དུ། རང་བྱུང་དང་སྦྱར་བྱུང་གི་ཆག་རྐྱེན་ཉམ་ངའི་དོན་རྐྱེན་ཡོད་རྒུ་སྲིད་གཞུང་གིས་མི་མང་གི་རྒྱུ་ནོར་འཕྲོག་བཅོམ་དང་སྲིད་ཚོགས་ཀྱི་དབང་ཤེད་རྒྱ་བསྐྱེད་ཀྱི་གོ་སྐབས་བཟང་ཤོས་ཤིག་ལ་མཐོང་སྟེ་དམ་འཛིན་བྱེད་ཀྱིན་ཡོད།

འདིའི་སྐབས་སུ་སྲིད་གཞུང་གིས་ནད་འགོག་གི་མིང་ཐོག་ནས་མི་མང་གི་རྒྱུ་ནོར་གཞུང་བཞེས་བྱས་ན་ཁྲིམས་དང་མཐུན་ཞིང་། མི་མང་གི་འགྲོ་འདུག་རང་དབང་འདུས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འཕྲོག་ལེན་ཚོད་འཛིན་བྱས་ན་ཁྲིམས་མཐུན་པར་བརྩིས་བས། དམངས་ལ་གནོད་ཅིང་གཞུང་ལ་ཕན་པའི་བཙན་ཁྲིམས་མང་པོ་ཞིག་འདི་འདྲའི་དུས་སྐབས་སུ་བཅས་ནས་ལག་བསྟར་བྱེད་གིན་ཡོད། དཔེར་ན་ཉེ་ཆར་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་སོགས་ཀྱིས་ཉེས་ཁྲིམས་ཀྱི་ཁྲིམས་འཛིན་གསེད་བཀྲོལ་ཞིག་སྤེལ་ནས་ནད་དུག་ཕོག་མཁན་གྱིས་ཚོར་དང་མ་ཚོར་བའི་སྒོ་ནས་མི་གཞན་ལ་ནད་དུག་འགོས་པའི་སྦྱོར་བ་བྱུང་ན་དེ་ལ་ཐུན་མོང་ལ་གནོད་པའི་ནག་ཉེས་སམ་བསམ་བཞིན་གྱིས་མི་བསད་པའི་ཉེས་བྱས་སོགས་སུ་བརྩིས་ཏེ་སྲོག་གཅོད་དང་དུས་མེད་བཙོན་འཇུག་ལ་སོགས་པའི་ཉེས་ཆད་བཅད་ཆོག་ཅེས་གཏན་དབབ་བྱས་ཡོད། རྩ་ཁྲིམས་ལྟར་ན་ཆེས་མཐོ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ལ་ཉེས་ཁྲིམས་འགྲེལ་བཤད་ཀྱི་དབང་ཐང་མ་གཏོགས་ཉེས་པ་དང་ཉེས་ཆད་གསར་བཟོ་དང་རིགས་བགྲེས་ཀྱི་དབང་ཐང་གཏན་ནས་བྱིན་མེད་མོད། ཛ་དྲག་གི་གནས་སྐབས་འདིར་དབང་ཐང་དེ་དག་རང་ཤུགས་ཀྱིས་ཡོད་པར་འགྱུར།

དེ་བཞིན་དུ་འགོས་ནད་སྔོན་འགོག་གི་ཁྲིམས་དང་ཛ་དྲག་དོན་རྐྱེན་གདོང་ལེན་གྱི་ཁྲིམས་ལྟར་ན། སྲིད་གཞུང་གིས་ནད་དུག་འགོས་བར་མཐོང་ཐོས་དོགས་གསུམ་ཡོད་པའི་མི་ལ་སྟངས་འཛིན་བྱེད་པའི་དབང་ཐང་ཡོད་པ་ལས་མེད་པའི་སྤྱི་དམངས་ལ་སྟངས་འཛིན་བྱེད་པའི་དབང་ཐང་སྤྲད་མེད། འོན་ཀྱང་དེང་སྐབས་སྲིད་གཞུང་གིས་ནད་དུག་ཡོད་མེད་ཀྱི་མི་རྣམས་མཉམ་རུབ་ཀྱི་སྟངས་འཛིན་བྱས་ཏེ་ཡར་མར་འགྲོ་མི་ཆོག་པར་བྱས་ཏེ་སྤྱི་དམངས་ཀྱི་གཞི་རྩའི་རང་དབང་དང་རྩ་ཁྲིམས་ཐོབ་ཐང་གང་བྱུང་དུ་ཚོད་འཛིན་བྱས་པ་དང་བྱེད་བཞིན་པ་ནི་མཐོང་ཆོས་སུ་གྱུར། དེའི་ཕྱིར་དུས་སྐབས་འདིར་གཞུང་ལ་ཕན་པའི་ཁྲིམས་གཞུང་གིས་ཇིར་མི་སྙམ་པར་ལག་བསྟར་བྱེད་པ་དང་། གཞུང་ལ་གནོད་པའི་ཁྲིམས་གཞུང་གིས་གཡོལ་བའམ་ལག་བསྟར་མི་བྱེད་པ་ནི་འདིའི་སྐབས་སུ་བྱུང་དང་འབྱུང་བཞིན་པའི་སྣང་ཚུལ་ཡིན།

དྲི་བ། རྒྱ་ནག་ནང་ཏོག་དབྱིབས་གསར་པའི་འགོས་ནད་ (COVID-19) བྱུང་ནས་ཟླ་གཉིས་ཙམ་རིང་རྒྱ་ནག་ནང་མི་གྲངས་ཆིག་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། སྟོང་ཕྲག་མང་པོར་ད་དུང་འགོས་བཞིན་ཡོད་པ་རེད། འགོས་ནད་དེས་རྒྱ་ནག་དམར་ཤོག་གཞུང་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་པ་རེད་དམ།རྒྱ་ནག་གི་གནད་དོན་ལྟ་ཞིབ་པ་ཚེ་རིང་རྒྱལ་ལགས།  ཐོག་མར་ནད་དུག་དེའི་གནས་སྟངས་ཕྲན་ཙམ་གླེང་ན་བསམ་བྱུང་། ད་ལྟ་རྒྱལ་སྤྱིའི་སྒང་ཡོངས་གྲགས་སུ་ “༢༠༡༩ ལོའི་ཏོག་དབྱིབས་ནད་དུག” ཅེས་འབོད་ཀྱིན་པའི་ཝུ་ཧན་གྱི་འགོས་ཁྱབ་རང་བཞིན་གྱི་ནད་དུག་དེའི་འབྱུང་ཁུངས་དང་ངོ་བོ། དེ་སྤྱི་ཚོགས་ཁྲོད་འགོས་ཁྱབ་ཀྱི་རྒྱུ་དང་རྐྱེན་སོགས་ད་ལྟའི་བར་ཁ་གསལ་ངེས་གཏན་ཅི་ཡང་བྱུང་ཐུབ་མེད། ད་དུང་འཛམ་གླིང་ལ་བག་ཚིག་ལྟ་བུའི་ངོ་བོར་གནས་བསྡད་ཡོད། དོན་གྱིས་ནད་དུག་དེ་རི་སྐྱེས་སྲོག་ཆགས་ལས་མིར་འགོས་ཁྱབ་དང་། རྫས་འགྱུར་ཚོད་ལྟ་ཁང་ནས་ནད་དུག་ཕྱིར་འཁྱར་བ། ཡང་ན་ཆེད་དམིགས་མིས་བཟོས་ནད་དུག་ཕྱིར་གཏོང་བྱས་པ་བཅས་གང་ཡིན་དོགས་སློང་སྣ་ཚོགས་ཡོང་གི་ཡོད། རྒྱུ་རྐྱེན་གཙོ་བོ་ནི་རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་གསང་སྦས་ཀྱིས་རྒྱལ་སྤྱིའི་ཆེད་མཁས་པར་ནད་དུག་གི་འབྱུང་རྩར་ཞིབ་འཇུག་གོ་སྐབས་སྤྲོད་ཀྱིན་མེད་པས་རེད། དེ་ལྟའི་མུན་ནག་གི་རྒྱབ་ལྗོངས་འོག་འཛམ་གླིང་ཡོངས་ལ་མགྱོགས་མྱུར་འགོས་ཁྱབ་བྱུང་སྟེ། རྒྱ་ནག་ཙམ་མིན་པར་འཛམ་ཧྲིལ་པོར་དམངས་སེམས་ཟ་ཟིང་བཟོས་ཡོད། རྒྱབ་ཀྱི་གསང་བ་དེ་ཁ་གསལ་བཟོ་མ་ཐུབ་བར་དུ་ནད་དུག་དེས་རྒྱ་ནག་གཙོས་འཛམ་གླིང་ཡོངས་ལ་ཉེན་ཚབ་ཅི་ཙམ་འཐེབ་མིན་བཤད་ཚོད་ཁག་པོ་ཆགས་ཡོད། ནད་དུག་འགོས་ཁྱབ་རྐྱེན་པས་རྒྱ་གཞུང་གིས་ཟླ་གཅིག་ལྷག་རིང་རྒྱལ་ཡོངས་སུ་འགྲོ་བསྐྱོད་བཀག་སྡོམ་བྱས་སྟབས། ད་ལྟའི་ཆར་རྒྱ་ནག་ནང་ནད་དུག་ཀྱི་འཇིག་པ་ཙམ་མ་ཡིན་པར་ཁྲིམས་མེད་ལུགས་མེད་ཀྱི་འཇིགས་སུ་རུང་བའི་མི་ཤི་དོན་རྐྱེན་སྣ་ཚོགས་འབྱུང་བཞིན་པར་མ་ཟད། དངོས་ཟོག་སྐྱེལ་འདྲེན་དང་མ་དངུལ་འཁོར་རྒྱུག་ཕྱོགས་ཡོངས་ནས་འགགས་ཏེ། གྲོང་ཁྱེར་ཁུལ་དུ་མང་ཚོགས་ལ་བཟའ་ཆས་མ་འདང་པར་བགྲེས་ལྟོགས་དཀའ་ངལ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྦོ་ལུག་རྒྱུའི་ཉེན་འཚབ་ཡོང་གི་ཡོད། དེར་བརྟེན། ཉེ་ཆར་རྒྱ་གཞུང་གིས་དཔལ་འབྱོར་ཉམས་ཉེས་འགོག་སྲུང་གཙོ་བོ་དང་ནད་དུག་འགོས་ཁྱབ་བཀག་སྡོམ་ཕལ་བར་བཟུང་སྟེ། མིའི་འགྲོ་སྐྱོད་དང་དངོས་ཟོག་སྐྱེལ་འདྲེན། བཟོ་ལས་ཐོན་སྐྱེད་བཅས་སླར་གསོ་བྱས་འདུག་མོད། ལས་ཞུགས་བཟོ་བའི་ཁྲོད་ནད་དུག་འགོས་ཁྱབ་ཀྱི་གནས་ཚུལ་བྱུང་ཡོད་པ་མ་ཟད། སྨན་ཁང་ནས་དྲག་སྐྱེད་བྱུང་པར་ངོས་འཛིན་གྱིས་ཕྱིར་སློག་པའི་མི་རེ་ཟུང་ལ་ནད་དུག་བསྐྱར་དུ་ལངས་བའི་གནས་ཚུལ་བྱུང་འདུག དེ་བས་འབྱུང་འགྱུར་གནས་སྟངས་ཅི་ཆགས་ཧ་ཅང་ཚོད་དཔག་དཀའ་བར་གནས་ཡོད།

ནད་དུག་དེས་རྒྱ་དམར་གཞུང་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་མིན་ཐད། གཙོ་བོ་རྒྱ་རིགས་མང་ཚོགས་ཀྱི་རྟོགས་སད་དང་རྒྱ་དམར་དབང་འཛིན་པའི་ནང་ཁུལ་འཐབ་རྩོད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་བཅས་ཕྱོགས་གསུམ་ལ་བལྟ་དགོས་པ་མིན་འགྲོ། རྒྱ་རིགས་མང་ཚོགས་ཀྱི་རྟོགས་སད་ཐད་ངས་རེ་བ་ཆེན་པོ་རྒྱག་གིན་མེད། མ་གཞི་རྒྱའི་རིག་གཞུང་དང་གོམས་གཤིས་ཀྱི་གཏིང་རིམ་ན་བྲན་གཤིས་མཐུག་པོ་ཞིག་འདུག དེར་མ་ཟད་འདས་པའི་ལོ་ ༧༠ ནང་དམར་གཞུང་གི་ཆབ་སྲིད་སློབ་གསོའི་དྲིལ་བསྒྲགས་འོག རྒྱ་རིགས་ཀྱི་མི་གཞི་ཀུན་སྤྱོད་ཕྱོགས་ཡོངས་ནས་ཉམས་ཉེས་ཆེན་པོ་བྱུང་སྟེ། བཟའ་བཏུང་འབའ་ཞིག་ལས་གཞན་པའི་རིག་གནས་རིན་ཐང་ཅི་གང་མི་བསམ་པའི་ “ཟ་འདྲེ་ནད་རོ” ཞིག་ཆགས་ཡོད། ཐེངས་འདིའི་ནད་དུག་གོད་ཆག་སྐབས་རྒྱ་རིགས་མང་ཚོགས་ནང་ཁུལ་ཕན་ཚུན་བྱ་སྤྱོད་སྤེལ་སྟངས་ནས་ཀྱང་། རིག་གསར་སྐབས་ཀྱི་དམར་སྲུང་དམག་དང་གཅིག་མཚུངས་རེད། དེར་མ་ཟད། འཛམ་གླིང་རྒྱལ་ཁབ་གཞན་དག་ནང་རྒྱ་རིགས་མི་འབོར་བྱེ་བ་ ༥ ལྷག་དང་། ཨ་རུ་གཅིག་པུར་རྒྱ་མི་ས་ཡ་ ༣ ལྷག་ཡོད། ད་དུང་དམངས་གཙོ་དང་རང་དབང་འཐབ་རྩོད་ཁ་འཁྱེར་མཁན་རྒྱ་རིགས་ཚོགས་པ་གྲངས་མེད་ཅིག་ཡོད། དེ་དག་གི་བྱེད་སྤྱོད་ལ་བལྟས་ནའང་། ཐེངས་འདིར་རྒྱ་རིགས་མང་ཚོགས་ཀྱིས་དམར་གཞུང་ལ་འགྱུར་བ་གཏོང་ཐུབ་པར་རེ་བ་ཞེ་དྲག་མཐོང་མེད། སྤྱིར་མི་རིགས་ཤིག་ལ་ཐུན་མོང་གི་མི་གཤིས་ཀུན་སྤྱོད་དང་མི་ཚེའི་རིན་ཐང་ལྟ་བ་བརྟན་པོ་ཞིག་མེད་ཚེ། མི་རིགས་དེའི་མགོར་མནར་གཅོད་ཆག་སྒོ་ག་ཚོད་བྱུང་ཡང་། མཇུག་འབྲས་ནི་སྔར་བཞིན་སྒེར་གཅོད་དབང་བསྒྱུར་འོག་བྲན་གཤིས་ཀྱིས་འཚོ་རྒྱུ་དེ་རེད།

དམར་གཞུང་དཔོན་ཤོག་ནང་ཁུལ་དབང་ཆ་འཐབ་རྩོད་ཐད་ནས། མ་གཞི་རྒྱ་ནག་དམར་ཤོག་པའི་ལོ་རྒྱུས་ཧྲིལ་པོ་ནི་ནང་ཁུལ་དབང་ཆ་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་རེད། ཞི་ཅིན་ཕིན་དང་འབྲེལ་བའི་དམར་ཤོག་ནང་ཁུལ་དབང་ཆ་འཐབ་རྩོད་དེའང་། ཕྱི་ལོ་ ༢༠༡༢ ནས་ད་བར་མཚམས་མ་ཆད་པར་བྱུང་ཡོད། ནད་དུག་འགོས་ཁྱབ་དང་འབྲེལ་ནང་ཁུལ་འཐབ་རྩོད་སྔར་བས་ཛ་དྲག་ཏུ་ཕྱིན་ཡོད། ཞི་ཅིན་ཕིང་དང་ས་གནས་དཔོན་རིགས་བར་གྱི་འགལ་ཟླ་ཅན་གྱི་སྐད་ཆ་དག་དང་། གློ་བུར་ཝུ་ཧན་དང་ཧའེ་ཁུག་གི་དཔོན་རིགས་གཙོས་མི་འགྲོ་བརྗེ་སྤོར་གནས་ཚུལ་ལས་ཀྱང་རྟོགས་ཐུབ། རྒྱ་གཞུང་གིས་ནད་དུག་ལ་འགྲེལ་བརྗོད་བྱེད་སྟངས་ལའང་འགྱུར་བ་འདྲ་མིན་ཐེབས་ཀྱིན་འདུག ནད་དུག་དེ་ནང་ཁུལ་དབང་ཆ་འཐབ་རྩོད་དང་འབྲེལ་ནས་ཆེད་དམིགས་ཕྱིར་གཏོང་བྱས་མིན་ཐད་མང་ཚོགས་ཁྲོད་དོགས་སློང་ཡོང་གི་ཡོད། གལ་སྲིད་དེ་ལྟར་ཡིན་ཚེ་མི་འགྱངས་པར་རྒྱ་ནག་ནང་རིག་གསར་ལྟ་བུའི་གོད་ཆག་ཅིག་བསྐྱར་ལངས་བྱ་རྒྱུའི་ཉེན་ཁ་ཏན་ཏན་འདུག མ་གཞི་དམར་དཔོན་ཆ་ཚང་གྲུ་གཟིངས་གཅིག་སྟེང་གི་ཇག་ཚོགས་ཡིན་སྟབས། ནང་ཁུལ་འཐབ་རྩོད་ཀྱི་རྐྱེན་པས་རྒྱ་ནག་རང་དབང་དམངས་གཙོར་བསྒྱུར་མི་སྲིད། ཡིན་ནའང་། ཐེངས་འདིར་རྒྱ་གཞུང་གིས་དང་ཐོག་ལོ་སར་སྐབས་གླེང་ཕྱོགས་་ཡོང་རྒྱུར་དོགས་ཏེ་གསང་ཐབས་བྱས་པས་འགོས་ཁྱབ་ཛ་དྲག་ཆགས་པ་དང་། བར་དུ་ཡོད་ཚད་བཀག་སྡོམ་བྱས་པས་དཔལ་འབྱོར་འཚོ་བར་ཉེན་ཚབ་འཕྲད། མཐའ་མར་འུ་ཐུག་ནས་འགྲོ་སྐྱོད་དང་ལས་ཞུགས་སླར་གསོ་བྱས་པས་འགོས་ཁྱབ་བསྐྱར་དུ་འབྱུང་ཉེན་བཅས་ལ་བལྟས་ན། རི་ལུག་པ་ཐག་པས་མི་འདོམས་པའི་གནས་སྟངས་མི་ཡོང་བའི་ངེས་པ་མི་འདུག

རྒྱལ་སྤྱིའི་ཆབ་སྲིད་གནས་བབ་ཐད་ནས། དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་དཀྱོག་མཚམས་ཤིག་རེད། ཨ་རྒྱ་གཉིས་ཀྱི་ཚོང་དམག་གནས་སྟངས་ཀྱང་གནད་འགག་གི་སྐབས་ཤིག་ཁེལ་ཡོད། སྔོན་ཆད་རྒྱ་ནག་ནང་ངལ་རྩོལ་བའི་ཐོན་ཁུངས་འབོར་ཆེན་དང་ཁེ་འཛུགས་མ་རྩ་དམའ་མོད། ད་ལྟ་གནས་བབ་དེར་འགྱུར་ལྡོག་ཕྱིན་ཡོད་པ་མ་ཟད། རྒྱ་ནག་ནི་ཁྲིམས་སྐྱོང་རྒྱལ་ཁབ་མིན་སྟབས་རྒྱའི་ཁྲོམ་རའི་གནས་བབ་བརྟན་པོ་མེད་པ་དང་། ཐོན་རྫས་བདག་དབང་དང་མ་འཇོག་འགན་སྲུང་ཐད་དཀའ་རྙོག་འཕྲད་ཀྱིན་ཡོད་སྟབས། རྒྱལ་སྤྱིའི་ཁེ་ལས་བ་དང་ཕྱུག་བདག་ཚོས་རྒྱ་ནག་ནང་མུ་མཐུད་ཁེ་གཉེར་དང་མ་འཇོག་བྱ་རྒྱུར་བློ་འཚབ་ཡོང་གི་རེད། ལྷག་པར་དུ་ནད་དུག་འགོས་ཁྱབ་དང་འབྲེལ་ནས་རྒྱལ་སྤྱིའི་ཁེ་ལས་མང་པོར་དཀའ་ངལ་འཕྲད་ཀྱིན་ཡོད་སྟབས། “འཛམ་གླིང་གི་བཟོ་གྲྭ” རུ་འབོད་པའི་རྒྱའི་དཔལ་འབྱོར་གནས་བབ་འགྱུར་བཞིན་ཡོད།  འབྱུང་འགྱུར་རྒྱལ་སྤྱིའི་གར་སྟེགས་སྒང་རྒྱའི་གནས་བབ་དང་ཤུགས་རྐྱེན་ཉམས་དམས་སུ་འགྲོ་རྒྱུ་རེད།  རྒྱ་གཞུང་གིས་དཔལ་འབྱོར་སྟོབས་ཤུགས་ཁོ་ནར་བརྟེན་ནས་མང་ཚོགས་བསླུ་བྲིད་དང་སྲིད་དབང་འཛིན་ཐབས་བྱེད་ཀྱིན་ཡོད་ལ།  རྒྱ་མི་རྣམས་ཀྱང་ལྟོ་ཕོར་ཆེད་སྡིག་པ་མིག་བཙུམ་བྱེད་མཁན་ཞིག་ཡིན་སྟབས།  དཔལ་འབྱོར་ཉམས་ཉེས་དང་འབྲེལ་ནས་དམར་གཞུང་འཐོར་བཤིག་ཏུ་འགྲོ་ངེས་རེད།

དྲི་བ། འགོས་ནད་ཀྱི་དཀའ་རྙོག་ཁྲོད་ནས་བོད་ཀྱི་འཐབ་རྩོད་ལ་རེ་བ་དང་གོ་སྐབས་གང་འདྲ་མཐོང་གི་འདུག

རྒྱ་ནག་གི་གནད་དོན་ལྟ་ཞིབ་པ་ཚེ་རིང་རྒྱལ་ལགས།  མ་གཞི་དུས་འགྱུར་དང་དོན་རྐྱེན་སྐབས་གོ་སྐབས་དང་ཉེན་ཁ་ལྷན་དུ་ཡོང་གི་རེད། ཐེངས་འདིའི་ནད་དུག་འགོས་ཁྱབ་ཁོ་ནའི་ངོས་ཐད་ནས་བལྟས་ན། ངས་གོ་སྐབས་ལས་ཀྱང་ཉེན་ཁ་ཤུགས་ཆེ་བ་ཚོར་གྱིན་ཡོད། ཉེ་བའི་ལོ་བརྒྱ་ཕྲག་གཅིག་ནང་དུས་རབས་འགྱུར་ཟིན་པ་རེད། མི་རིགས་དབང་བསྒྱུར་དང་རྩ་མེད་བཟོ་བའི་བྱེད་ཐབས་ཀྱང་འགྱུར་གྱིན་ཡོད། དེང་སྐབས་མི་རིགས་གཅིག་རྩ་མེད་བཟོ་རྒྱུར་དམག་མི་དང་དྲག་ཆས་ཕོན་ཆེན་སྤྱོད་དགོས་ཀྱི་མེད། རྫས་འགྱུར་ཚོད་ལྟ་ཁང་ནས་ནད་དུག་གཅིག་བཟོས་པས་ཆོག་གི་རེད། རྒྱ་གཞུང་གིས་ཡུ་གུར་མི་རིགས་ཀྱི་རྒྱུད་རྒྱུ་(gene)ལ་བརྟག་དཔྱད་རྩིས་ལེན་བྱས་ཟིན་པའི་གནས་ཚུལ་སྔར་ནས་ཐོན་ཡོད་པ་ལྟར། དབྱེ་ཞིབ་པ་དག་གིས་བརྗོད་ན་གལ་སྲིད་མི་རིགས་གཅིག་གི་ཐུན་མིན་རྒྱུད་རྒྱུ་གཞིར་བཟུང་ནས་འཇོམ་བྱེད་ནད་དུག་བཏང་བ་ཡིན་ན། མི་རིགས་དེའི་རིགས་རྒྱུད་རྩ་བརླག་དང་རིག་འཚོ་མ་ཟིན་པ་འཆག་ཉེན་ཡོད་པར་བཤད། དེ་ནི་ཅི་འདྲའི་འཇིགས་སུ་རུང་བའི་འཆར་སྣང་ཞིག་རེད་ཨང་། ལོ་སྔོན་མར་རྒྱའི་ཚན་རིག་པས་རྒྱལ་སྤྱིའི་སྒྲིག་ཁྲིམས་བརྒལ་ཏེ་འགྲོ་བ་མིའི་རྒྱུད་རྒྱུར་བཟོ་བཅོས་ལེགས་འགྲུབ་བྱུང་བའི་གནས་ཚུལ་ཡང་ཐོན་ཡོད། ནད་དུག་འགོས་ཁྱབ་ཀྱང་ཚན་རིག་ཚོད་ལྟ་ཁང་ནས་ཕྱིར་འཁྱར་བའི་དོགས་སློང་བྱེད་ཀྱིན་འདུག རྒྱ་དམར་སྒེར་གཅོད་པའི་བྱེད་བབ་དང་རྒྱ་མིའི་ཀུན་སྤྱོད་གནས་ཚད་ལ་གཞིགས་ན། དེ་འདྲའི་འཇིགས་རུང་བྱེད་ཐབས་མི་སྤྱོད་པའི་ངེས་པ་གཏན་ནས་མི་འདུག དེར་བརྟེན། འབྱུང་འགྱུར་ང་ཚོས་རྒྱ་དམར་གྱི་བཙན་འཛུལ་དབང་བསྒྱུར་ལ་གདོང་ལེན་དང་འཐབ་རྩོད་བྱེད་ཐབས་ཀྱང་། སྔར་བའི་རྫི་གསང་རྣོན་པོ་དང་རིག་པ་ཞིབ་མོས་འཚོལ་དགོས་པའི་གཉན་འཕྲང་གི་དུས་ཤིག་ལ་སླེབས་ཡོད།

 

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༢༧

Leave a Reply