རྒྱ་གར་བྷེང་ལོར་དུ་ཕག་པའི་འགོས་ནད་བསླེབས་འདུག

རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་ཕག་པའི་འགོས་ནད་(H1N1)བསྐྱར་དུ་བྱུང་སྟེ་མི་ ༡༠༠ ལྷག་ལ་ནད་རྟགས་ཐོན་ཡོད་འདུགདེ་རིང་ཕྱི་ཚེས་ ༢༧ ཉིན། རྒྱ་གར་ལྷོ་ཕྱོགས་མེ་ལུང་ཚགས་པར་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནང་ཕག་པའི་འགོས་ནད་(H1N1)བསྐྱར་དུ་བྱུང་སྟེ། མི་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བྷེང་ལོར་གྲོང་ཁྱེར་དང་གྲོང་ཁྱེར་ཉེ་འཁོར་གྱི་ས་ཁུལ་ཁག་ཏུ་ཁྱོན་མི་གྲངས་ ༡༠༠ ལྷག་ལ་ནད་རྟགས་ཐོན་ཡོད་སྟབས། སྨན་ཁང་དང་འཕྲོད་བསྟེན་ལྟེ་གནས་མང་པོས་མི་མང་ལ་འགོས་ནད་དེ་ཁྱབ་བརྡལ་མི་འགྲོ་ཆེད་འཕྲོད་བསྟེན་ལམ་སྟོན་བྱེད་མགོ་ཚུགས་ཡོད་འདུག

གནས་ཚུལ་དེའི་ཐད་བྷེང་ལོར་མངའ་སྡེའི་འཕྲོད་བསྟེན་དང་ནང་མིའི་བདེ་དོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ནང་། འདི་ལོའི་ཕྱི་ཟླ་དང་པོ་ནས་འགོས་ནད་དེ་བྱུང་འགོ་ཚུགས་ཡོད་པ་དང་། ད་ལྟའི་ཆར་བྷེང་ལོར་གྲོང་ཁྱེར་གྱི་བཟོ་གྲྭ་ཁག་ནང་ཡོད་པའི་ཊོ་མཱ་ཁོ་རོ་(Tumakuru)ཁུལ་དུ་འགོས་ནད་ཅན་ ༧ དང་། གྲོང་ཁྱེར་ལྟེ་བའི་ཁཱ་ཝན་ཆོར་(Kavanchur)ཁུལ་དུ་ནད་པ་ ༧༢། དེ་བཞིན་བྷེང་ལོར་གྲོང་ཁྱེར་ཉེ་ཁུལ་གྱི་གྲོང་གསེབ་ཁག་ཏུ་ནད་པ་ ༢༢ བཅས་བྱུང་ཡོད་པ་དང་། འགོས་ནད་དེ་བྱུང་ཚད་འདས་པའི་ལོ་དག་དང་བསྡུར་ན་ཁྱབ་ཚད་ཉུང་ཉུང་ཡིན་ན་ཡང་། ཕྱོགས་ཡོངས་ནས་ཡིད་གཟབ་དགོས་སྐོར་བརྗོད་འདུག

ཡང་བྷེང་ལོར་ནཱ་རཱ་ཡ་ནཱ་འཕྲོད་བསྟེན(Narayana Health)སྨན་ཁང་གི་སློབ་སྟོན་སྨན་པ་མཱ་ཧེ་ཤི་ཀུ་མར(Dr Mahesh Kumar)ལགས་ཀྱིས་འགོས་ནད་དེ་གཙོ་བོ་རླུང་ཁམས་བརྒྱུད་ནས་འགོས་ཁྱབ་འགྲོ་བཞིན་ཡོད་པས། གལ་སྲིད་མི་ཞིག་ལ་འགོས་ནད་དེ་བྱུང་རྗེས་ཁ་ལུད་འཕེན་པ་དང་རླུང་ཁམས་ནང་ཧབ་སྦྲིད་བརྒྱབ་པ་ཡིན་ན། ཉེ་འཁོར་གྱི་མི་དག་ལ་འགོས་ཁྱབ་ཏུ་འགྲོ་བས། ད་ལྟའི་ཆར་འགོས་ནད་ཁྱབ་ཚད་ཆེན་པོ་མིན་ན་ཡང་། མི་ཚང་མས་སྔོན་ཚུད་ནས་རང་གི་གཙང་སྦྲ་འཕྲོད་བསྟེན་ལ་བདག་གཅེས་དང་། མི་ཚོགས་ཁྲོད་མི་འགྲོ་བ་དང་གལ་ཏེ་འགྲོ་དགོས་བྱུང་ནའང་ཁ་རས་གྱོན་པ་དང་། ཕྱི་ལ་སོང་རྗེས་ལག་པ་དང་ཁ་ངོ་གཙང་མར་བཀྲུས་ནས་ཟ་མ་འཚོ་བཅུད་ལྡན་པ་ཟ་བ། སྨན་པ་དང་འཕྲོད་བསྟེན་ལྟེ་གནས་ཁག་གི་འཕྲོད་བསྟེན་ལམ་སྟོན་ལ་ཉན་དགོས་སྐོར་བརྗོད་འདུག

གཞན་ཁོ་ལིམ་བྷི་ཨ་ཨེ་ཤ་ཡའི་སྨན་ཁང་(Columbia Asia Hospital)གི་སྨན་པ་རཱ་ཝེ་ཀོ་མཱར(Ravi Kumar)ལགས་ཀྱིས་ཕྱི་ཟླ་གཉིས་པ་མགོ་ཚུགས་པ་ནས། ཁོའི་འགྲམ་ལ་འགོས་ནད་དེ་བྱུང་ཡོད་པའི་ནད་པ་ ༣ བསླེབས་སོང་བ་དང་། དེ་དག་གི་ཁྲོད་ནས་ལོ་ན་ ༤༠ ཙམ་ཡིན་པའི་བུད་མེད་ཅིག་གི་གནས་སྟངས་ཛ་དྲག་ཆགས་ཡོད་ན་ཡང་། དུས་ལྟར་བརྟག་དཔྱད་དང་སྨན་བཅོས་བྱས་པས་ད་ལྟའི་ཆར་གློ་ལུ་རྒྱག་པ་དང་དབུགས་གཏོང་ལེན་ལ་དཀའ་ངལ་ཙམ་ལས། གཞན་སྲོག་སྐྱོན་མེད་པ་དང་འགོས་ནད་དེ་བྱུང་ཡོད་པའི་ནད་པ་མང་ཆེ་བར་ཚ་བ་རྒྱས་པ་དང་། གློ་ལུ་རྒྱག་པ། གཞན་དབུགས་གཏོང་ལེན་གྱི་དཀའ་ངལ་ཡོད་སྐོར་སོགས་བརྗོད་འདུགསྤྱིར་ཕག་པའི་འགོས་ནད་(H1N1)དེའི་རིགས་དང་ཐོག་ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༦ པའི་ནང་ཨ་རི་དང་ཨུ་རུ་སུ་གཉིས་ནས་ཁྱབ་གདལ་ཕྱིན་ཏེ། ཕྱི་ལོ་ ༢༠༡༠ ལོའི་བར་འཛམ་གླིང་ཤར་ནུབ་ཀྱི་ཡུལ་ལུང་མི་འདྲ་བ་ ༢༡༤ ནང་ཁྱབ་སྟེ་མི་ ༡༨༥༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་དཔྱད་ཞིབ་ལྟར་ན། ཕག་པའི་འགོས་ནད་དེའི་རིགས་ཀྱིས་བྱིས་པ་དང་རྒན་པ། བུད་མེད་སྦྲུམ་མའི་རིགས་ལ་གཅིན་སྲི་དང་ཁྲག་རྩའི་ནད། མཁལ་མའི་ནད། གློ་བའི་ནད། སྙིང་ཁམས་ཀྱི་ནད། ལྷག་པར་དུ་འབྲས་ནད་སོགས་བསྐྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༠༩ ལོར་འགོས་ནད་དེ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་དུ་སོང་བ་དང་བསྟུན། རྒྱ་གར་གཞུང་གིས་སྔོན་ཚུད་ནས་གྲ་སྒྲིག་གིས་ཕྱི་ནས་ཡོང་བའི་མགྲོན་པོར་ལུས་བཤེར་བརྟག་དཔྱད་སོགས་ཀྱི་མགོ་ཚུགས་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་༣ པ་ནས་རྒྱ་གར་ནང་འགོས་ནད་དེ་ཁྱབ་མགོ་ཚུགས་པ་མ་ཟད། རྒྱ་གར་རྒྱལ་ཡོངས་ནང་མི་གྲངས་ ༡༠༡༩༣ ལྷག་ལ་འགོས་ནད་དེ་བྱུང་ནས་མི་གྲངས་ ༡༠༣༥ ལྷག་རྐྱེན་འདས་སུ་སོང་ཡོད་པ་དང་། བྷེང་ལོར་གྱོང་ཁྱེར་ནང་ལོ་བསྟུད་མར་འགོས་ནད་ཅན་ཐོན་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་མ་གཏོགས་ལོ་ལྟར་མི་མང་པོ་འདས་གྲོངས་སུ་འགྲོ་ཡི་ཡོད་འདུག འདས་ལོ་སྟེ་༢༠༡༩ ལོ་གཅིག་པུར་མི་གྲངས་ ༩༦ འགོས་ནད་དེའི་རྐྱེན་གྱིས་གྲོངས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༢༧

Leave a Reply

One thought on “རྒྱ་གར་བྷེང་ལོར་དུ་ཕག་པའི་འགོས་ནད་བསླེབས་འདུག

  1. གཞུང་པ་ཚེ་དབང་བསོད་ནམས

    ཧཧ་སྙིང་རྗེ་ཕག་ཤ་ཟ་དུས་ན་ཟ་གང་ནས་དྲན།
    སྙིང་རྗེ་མེད་པའི་མི་ཡིས་བྱེད་ལས་འདིས།
    ནུས་མེད་སེམས་ཅན་ངན་ཁག་དྲི་མས་གཏུམས།
    འཇིག་རྟེན་ལས་ཀྱི་མེ་ལོང་རྒྱང་ནས་གཟིགས།