༧གོང་ས་མཆོག་ཤུགས་རྐྱེན་ཆེ་ཤོས་ཀྱི་རླབས་ཆེན་མི་སྣ་ཨང་དང་པོར་འདེམས་སྒྲུག་ཞུས།

༧གོང་ས་མཆོག་རྒྱལ་བ་རིན་པོ་ཆེ་མཆོག་འདི་ལོའི་འཛམ་གླིང་ནང་སེམས་ཁམས་གསོ་བཅོས་ཐད་ཤུགས་རྐྱེན་ཆེས་ཆེ་ཤོས་ཀྱི་མི་སྣ་རླབས་ཆེན་ ༡༠༠ ནང་ནས་ཨང་དང་པོར་འདེམས་སྒྲུག་ཞུས་འདུགདབྱིན་ཡུལ་གྱི་རྒྱལ་ས་ལོན་ཏོན་དུ་ཡོད་པའི་ཝཌ་ཀིན་དཔེ་དེབ་ཚོང་ལས་ཚན་པས་ལུས་སེམས་སྲོག་(Watkins Mind Body Spirit magazine)དུས་དེབ་ཀྱིས། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་འདི་ལོའི་འཛམ་གླིང་ཡོངས་ནང་མིའི་སེམས་ཁམས་གསོ་བཅོས་ཐད་ཤུགས་རྐྱེན་ཆེས་ཆེ་ཤོས་ཀྱི་མི་སྣ་རླབས་ཆེན་ ༡༠༠ འདེམས་སྒྲུག་གནང་པའི་གྲུབ་དོན་ཡོངས་བསྒྲགས་གནང་ཡོད་པ་དང་། བོད་ཀྱི་དབུ་འཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འཛམ་གླིང་ལ་ཆེས་ཤུགས་རྐྱེན་ཆེ་བའི་རླབས་ཆེན་གྱི་མི་སྣ་ཨང་དང་པོར་འདེམས་ཐོན་ཞུས་འདུག

ཐེངས་འདིར་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ཆེས་ཆེ་བའི་རླབས་ཆེན་གྱི་མི་སྣ་ ༡༠༠ ཁྲོད་ནས་ཨང་རིམ་གཉིས་པ་དེ་ཡེ་ཤུ་ཆོས་དཔོན་པོབ་མཆོག་དང་། ཨང་གསུམ་པ་སི་ཝེ་ཌེན་ (Sweden) རྒྱལ་ཁབ་ཀྱི་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་(Greta Thunberg)ལགས། ཨང་བཞི་པ་འཇར་མན་ནས་ཡིན་པའི་དེང་རབས་ཀྱི་སྟོབས་ཤུགས་དང་གོ་ལ་གསར་པ་ཞེས་པའི་དཔེ་དེབ་གྲགས་ཅན་གཉིས་ཀྱི་རྩོམ་པ་པོ་ཨེ་ཁཱར་ཊི་ཊོ་ལེ(Eckhart Tolle)ལགས། ཨང་ལྔ་པ་ཨ་རིའི་མདོ་འཛིན་པ་གྲགས་ཅན་ཨོབ་ར་ཝིན་ཧྥི་རི་(Oprah Winfrey)ལགས་བཅས་བདམས་འདུག

དུས་དེབ་དེའི་དྲ་རྒྱའི་ངོས་སུ་རླབས་ཆེན་གྱི་མི་སྣ་བརྒྱ་དེར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གསུམ་བཏོན་ཡོད་པ་ལས། དང་པོ་དེ་འོས་གཞིའི་མི་སྣ་དེ་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡ བར་འཚོ་བཞུགས་ཡིན་དགོས་པ་དང་། གཉིས་པ་གང་ཟག་དེས་འཛམ་གླིང་ཡོངས་སུ་དམིགས་བསལ་གྱི་བྱས་རྗེས་བཞག་ཡོད་པ། གསུམ་པ་གང་ཟག་དེའི་སྐོར་དྲ་ལམ་ཁག་ཏུ་མང་ཚོགས་ཀྱིས་རྒྱུན་དུ་གླེང་སློང་དང་མང་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་ཡོད་དགོས་པ་བཅས་ཡིན་འདུག

ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་དར་ཆེ་བའི་ལོ་འཆར་ཅན་གྱི་འཛམ་གླིང་མི་མང་གིས་ཆེས་དགའ་མོས་ཞུ་ས་དང་། ཤུགས་རྐྱེན་ཆེས་ཆེ་བའི་རླབས་ཆེན་གྱི་མི་སྣ། དེ་བཞིན་རླབས་ཆེ་བའི་ཆོས་ལུགས་ཀྱི་དབུ་འཁྲིད་སོགས་ཀྱི་མི་སྣ་འདེམས་སྒྲུག་ཁྲོད་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨང་རིམ་བཅུ་པ་ནང་འདེམས་སྒྲུག་ཐེངས་མང་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོའི་ལུས་སེམས་སྲོག་གི་དུས་དེབ་དེའི་མི་སྣ་འདེམས་སྒྲུག་ཁྲོད་༧གོང་ས་མཆོག་ཨང་དང་པོར་འདེམས་སྒྲུག་ཞུས་ཡོད་འདུག

ལུས་སེམས་སྲོག་གི་དུས་དེབ་དེས་ཕྱི་ལོ་ ༢༠༡༡ ལོ་ནས་མགོ་བཙུགས་ཏེ་ལོ་ལྟར་ཕྱི་ཟླ་ ༢ ནང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེས་ཆེ་བའི་རླབས་ཆེན་གྱི་མི་སྣ་འོས་འདེམས་བྱེད་སྲོལ་ཡོད་པ་ལྟར། འོས་འདེམས་ཁྲོད་འཛམ་གླིང་གི་ཆབ་སྲིད་མི་སྣ་གྲགས་ཅན་དང་། ཆོས་ལུགས་དབུ་འཁྲིད།  རྩོམ་པ་པོ། གློག་བརྙན་བཟོ་སྐྲུན་པ། སྒྱུ་རྩལ་བ་སོགས་འཚོ་བཞུགས་ཡིན་པ་མ་ཟད། འཛམ་གླིང་མི་མང་ལ་ཤུགས་རྐྱེན་ཆེས་ཆེ་བ་རྣམས་འདེམ་གྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༢/༢༨

Leave a Reply

One thought on “༧གོང་ས་མཆོག་ཤུགས་རྐྱེན་ཆེ་ཤོས་ཀྱི་རླབས་ཆེན་མི་སྣ་ཨང་དང་པོར་འདེམས་སྒྲུག་ཞུས།