བོད་མིའི་ཁྱིམ་ཚང་ ༧༡ གནས་སྤོ་རྒྱུར་མངའ་སྡེ་གཞུང་གིས་བཀའ་འཁྲོལ་གནང་།

སིམ་ལར་གནས་སྡོད་བོད་མིའི་ཁྱིམ་ཚང་ ༧༡ ཙམ་ལ་ལོ་ཤས་གོང་ནས་བཟུང་སྡོད་གནས་ངེས་གཏན་མེད་པའི་དཀའ་ངལ་འཕྲད་ཡོད་པས་མ་འོངས་པར་ས་གནས་གཞན་དུ་གནས་སྤོ་རྒྱུར་མངའ་སྡེ་གཞུང་ནས་བཀའ་འཁྲོལ་གནང་འདུགཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་གར་ཊིར་བྷོན་ (Tribune) གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྗེ་རམ་ཐཱ་ཀོར་ (Jai Ram Thakur) མཆོག་གི་དབུས་པའི་མངའ་སྡེའི་མགོ་འཁྲིད་ལྷན་ཚོགས་ཐོག སིམ་ལ་གྲོང་སྡེ་ལས་ཁུངས་ཀྱིས་ས་གནས་དེར་ཡོད་པའི་བོད་མིའི་ཁྱིམ་ཚང་ ༧༡ ཙམ་སྲིད་བློན་གྱི་ས་ཁང་ལས་གཞི་ (Prime Minister Awas Yojna) འོག་མེ་ལི་ཡ་ན་ (Maliana) ས་གནས་སུ་གནས་སྤོ་བྱེད་པའི་ལས་འཆར་ཞིག་བཏོན་པ་ལྟར། སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུ་འཁྲིད་པའི་བཀའ་ཤག་ནས་གནས་སྤོ་རྒྱུར་བཀའ་འཁྲོལ་གནང་ཡོད་འདུག

སིམ་ལའི་སན་ཇོ་ལི་ (Sanjauli) ཁུལ་གྱི་ཏན་ཏི་ཡ་རླངས་འཁོར་འབབ་ཚུགས་ (Tantia parking complex) འཛུགས་སྐྲུན་བྱེད་སྐབས། དེའི་ཉེ་འགྲམ་དུ་ཡོད་པའི་བོད་མིའི་ས་ཆ་རྣམས་གཞུང་བཞེས་གནང་རྐྱེན་རླངས་འཁོར་འབབ་ཚུགས་དེའི་རྒྱབ་ལོག་ཏུ་ཡོད་པའི་ཤིང་ཁང་ཆུང་ཆུང་རེའི་ནང་དུ་སྡོད་བཞིན་ཡོད་འདུག་ལ། བོད་མི་ཚོས་མངའ་སྡེའི་འབྲིང་རིམ་ཁྲིམས་ཁང་ལ་ཞུ་གཏུག་དང་སིམ་ལ་གྲོང་སྡེའི་ལས་ཁུངས་སུ་དཀའ་སྡུག་རིམ་པར་ཞུས་ཡོད་འདུག

སིམ་ལ་གྲོང་སྡེའི་ལས་ཁུངས་ཀྱི་མགོ་འཛིན་པན་ཀ་ཇི་རའེ་ (Pankaj Rai) ལགས་ཀྱིས། བོད་མིའི་ཁྱིམ་ཚང་དེ་དག་གིས་མེ་ལི་ཡ་ན་ (Maliana) ས་གནས་སམ་འོས་འཚམ་གྱི་ས་ཆ་གཞན་ཞིག་ཏུ་གནས་སྤོ་འདོད་ཡོད་སྐོར་ཡིག་ཐོག་ཏུ་བྲིས་ནས་ཞུས་ཡོད་པ་དང་། གནས་སྤོར་ལས་འཆར་བཏོན་པ་དེ་ནི་ལས་གཞིའི་སྔོན་འགྲོ་ཞིག་ཡིན་ལ། སྡོད་གནས་ཐག་གཅོད་གྲུབ་མཚམས་སུ་ཁྱིམ་ཚང་དེ་དག་གནས་སྐབས་རིང་སྡོད་སའི་ཚད་ལྡན་གྱི་ཁང་པ་སྤྲོད་རྒྱུ་ཡིན་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་སུ་ཞལ་པར་བརྒྱུད་དེའི་སྐོར་བཀའ་འདྲི་ཞུས་པར། ཁུལ་དེའི་བོད་མིའི་དཀའ་ཁག་མཐོང་ནས་གནས་སྤོའི་ལས་གཞི་དེའི་ཐད་སྔོན་མ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་མངའ་སྡེའི་གཞུང་ལ་ཞུ་མུས་ཡིན་པ་དང་། དངོས་སུ་ས་ཆར་ལྟ་བ་དང་གང་འདྲ་ཡིན་མིན་སོགས་གཞི་ནས་ཡིན་པས། ད་ལྟ་ས་ཆ་སོགས་གཏན་འཁེལ་བྱུང་མེད་ནའང་། གནས་སྤོའི་ལས་གཞི་དེར་མངའ་སྡེ་གཞུང་ནས་བཀའ་འཁྲོལ་གནང་ཡོད་སྐོར་དང་། དུས་ནམ་ཞིག་ལ་ལས་གཞི་དེ་ཡོངས་སུ་འགྲུབ་ཀྱི་ཡོད་མེད་སོགས་ནི་རྒྱ་གར་གཞུང་ལ་བསྟུན་དགོས་སྟབས་ཤེས་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༢/༢༨

Leave a Reply

One thought on “བོད་མིའི་ཁྱིམ་ཚང་ ༧༡ གནས་སྤོ་རྒྱུར་མངའ་སྡེ་གཞུང་གིས་བཀའ་འཁྲོལ་གནང་།

  1. བསོད་ནམས་རྒྱལ་མཚལ།

    ངེས་ཅག་བོད་པའི་ལས་དབང་་་ སོ་སོར་ལུང་པ་ནས་ ས་གནས་གཞན་དུ་གནས་སྤོ་བྱ་རྒྱུར་མངའ་སྡེ་གཞུང་ལ་ཞུས་འབོད། ཡ་མཚན། ངུུ་ན་ངུད་མི་ཤེས། གད་ན་གད་མི་ཤེས། ད་ཆ་སིམ་ལ་ནི་ ཤིམ་ལ་ལ་འགྱུར།