རྒྱ་ནག་གཞུང་གིས་ཨ་རིའི་གསར་ཁང་ཁག་ལ་རྒོལ་ལན་བསློག་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྐྱོན་བརྗོད་བྱས་ན་རྒྱ་ནག་རང་སར་འདུག་གི་མིན་ཞེས་བརྗོད་འདུགཁ་སང་རྒྱ་ནག་གཞུང་གིས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་ལགས་ཀྱི་མིང་ཐེར་འདོན་བྱས་ཏེ། ཨ་རིས་རྒྱ་ནག་གཞུང་ནས་གསར་འགོད་རང་དབང་ཐོག་དམ་དྲག་བྱེད་བཞིན་ཡོད་པའི་སྐྱོན་འཛུགས་བྱས་པ་ནི་རྦད་དེ་ནོར་འཁྲུལ་ཡིན་པ་དང་། ཨ་རིས་མུ་མཐུད་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཚེ། ཨ་རི་ནང་བཞིན་རྒྱ་ནག་གཞུང་ཕྱོགས་ནས་ཀྱང་ཨ་རིའི་གསར་ཁང་ཁག་ལ་དོགས་ཟོན་གྱི་སྒྲིག་ཁྲིམས་བཟོ་རྒྱུ་ཡིན་པ་སོགས་ཀྱི་ཉེན་བརྡ་བཏང་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་(Hua Chunying)ཟེར་བ་དེས། ཨ་རིའི་གཞུང་གིས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་ལ་མུ་མཐུད་སྐྱོན་འཛུགས་བྱས་ཚེ། རྒྱ་ནག་གཞུང་རང་སར་འདུག་གི་མིན། ཞེས་བརྗོད་ཡོད་པ་མ་ཟད། ཉེ་སྔོན་ཕྱི་ཟླ་ ༢ པའི་ཚེས་ ༡༨ ཉིན་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ ༥ ཡིས་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིན་གྱི་ཆབ་སྲིད་དྲིལ་བསྒྲགས་བྱས་ཏེ། ཕྱི་སྲིད་ལས་དོན་འགྲུབ་ཐབས་བྱེད་བཞིན་ཡོད་པའི་ངོས་འཛིན་འོག ཨ་རིས་གསར་ཁག་དེ་དག་ལ་དོགས་ཟོན་གྱིས་སྒྲིག་ཁྲིམས་གསར་བཟོ་བྱས་རྗེས། ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གཞུང་གིས་ཨ་རིའི་སྐད་གྲགས་ཅན་གྱི་ཝོལ་སི་ཊེ་ཊི་ཇན་ནིལ་གྱི་གསར་འགོད་པ་གསུམ་གྱིས། རྒྱ་ནག་གཞུང་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་སྨན་བཅོས་འདང་ངེས་བྱེད་ཀྱི་མེད་སྐོར་དང་། རྒྱ་ནག་ཨེ་ཤ་ཡའི་ནད་རོ་ཟེར་བའི་ཁ་བྱང་ཅན་གྱི་བཟང་སྤྱོད་ལས་བརྒལ་བའི་གསར་འགྱུར་སྤེལ་ཡོད་པའི་སྐྱོན་འཛུགས་བྱས་ཏེ་ཕྱིར་འཕུད་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།གསར་འགོད་པ་ཕྱིར་འཕུད་བཏང་བའི་གནད་དོན་ཐོག་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་ལགས་ཀྱིས། གོ་རྟོགས་དང་འགན་འཁུར་ཡོད་པའི་རྒྱལ་ཁབ་ཁག་གིས། རང་དབང་ལྡན་པའི་གནས་ཚུལ་ནི་བདེན་པ་གཞིར་བཞག་དང་བསམ་ཚུལ་བརྗོད་ཀྱི་ཡོད་པས། དེ་ལ་ཡང་དག་པའི་ལན་ནི་དགག་སྒྲུབ་རྒྱག་རྒྱུ་ལས་སྨྲ་བརྗོད་རང་དབང་བཀག་སྡོམ་བྱ་རྒྱུ་དེ་མིན། དེར་བརྟེན། རྒྱ་ནག་མི་མང་གིས་ཨ་རིའི་མི་མང་ནང་བཞིན། གནས་ཚུལ་ཇི་བཞིན་ཤེས་རྟོགས་བྱེད་ཐུབ་པ་དང་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་ཐུབ་པའི་རེ་བ་ཡོད། ཅེས་བརྗོད་ཡོད་པ་དང་། ཆབ་སྲིད་དཔྱད་བརྗོད་པས་ད་རེས་རྒྱ་ནག་གཞུང་གི་སྐྱོན་བརྗོད་དེ་ནི་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཙམ་མ་ཡིན་པར་ཨ་རིའི་གཞུང་ནས་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་ལ་དོགས་ཟོན་གྱི་ཐག་གཅོད་བླངས་པར་རྒོལ་ལན་སློག་གི་ཡོད་སྐོར་རྗོད་བཞིན་འདུག

ཨ་རིའི་རྒྱལ་སྲིད་དྲུང་ཆེ་པོམ་པེ་ལགས་སུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཊོ་ལི་ཅིན་ཟེར་བ་ཞིག་གིས་ལན་འདེབས་བྱས་པའི་ནང་། པོམ་པེ་ཡིས་གནས་ཚུལ་ནོར་བ་དང་འགྲིག་པ་གཉིས་རྦད་དེ་ནོར་འདུག  རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྐོར་ལ་གསང་རྒྱ་བྱེད་ཀྱི་མེད་པ་མ་ཟད། ད་སྔ་བར་ཏོག་དབྱིབས་ནད་དུག་སྔོན་འགོག་བྱས་ཏེ་ཁྱབ་བརྡལ་དུ་མི་འགྲོ་བར་བཀག་འགོག་བྱས་ཡོད། འོན་ཀྱང་། ཝོལ་སི་ཊེ་ཊི་ཇན་ནིལ་གསར་ཁང་གི་གསར་འགྱུར་གྱིས། རྒྱ་ནག་ནང་གི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་སྐོར་ལ་སྐྱོན་བརྗོད་བྱས་པ་ཙམ་མ་ཡིན་པར། རྒྱ་ནག་ལ་དབྱེ་འབྱེད་བྱས་པ་དེ་ནི་ཚོར་ཤེས་ཡོད་མཁན་ཞིག་ཡིན་ན་ལྡོག་ཕྱོགས་ནས་རྒོལ་ལན་སློག་ངེས་རེད། ཅེས་བརྗོད་ཡོད་པ་རེད།

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༢༨

Leave a Reply