རྒྱ་ནག་གི་རྐྱལ་རྩལ་བ་སན་ཡང་ལ་ཉེས་ཆད་ཕོག

འཛམ་གླིང་ནང་ཆུ་རྐྱལ་ཟིན་ཐོ་གསར་པ་སྐྲུན་མཁན་དུ་གྲགས་པའི་རྒྱ་ནག་གི་ཆུ་རྐྱལ་བ་སན་ཡང་གིས་བཟི་སྨན་སྤྱད་པའི་ངོས་འཛིན་འོག་ལོ་བརྒྱད་རིང་ཆུ་རྐྱལ་རྩེད་འགྲན་ནང་ཞུགས་མི་ཆོག་པ་བཟོས་འདུག 

ཁ་སང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྩོད་རྙོག་འདུམ་འགྲིག་ཁྲིམས་ཁང་(Court of Arbitration for Sport) གིས། རྒྱ་ནག་གི་རྐྱལ་རྩལ་བ་གྲགས་ཅན་སན་ཡང་ (Sun Yang) གིས་ཆུ་རྐྱལ་འགྲན་བསྡུར་སྐབས་བཟི་སྨན་སྤྱད་ཡོད་པའི་ངོས་འཛིན་འོག མ་འོངས་ལོ་ ༨ ་རིང་རྒྱལ་སྤྱིའི་ཆུ་རྐྱལ་འགྲན་བསྡུར་ནང་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང་། ཐག་གཅོད་དེར་འཛམ་གླིང་གི་བཟི་སྨན་འགོག་རྒོལ་ལྷན་ཚོགས་ (World Anti-Doping Agency) དང་སན་ཡང་གི་འགྲན་ཡ་རྣམས་ཀྱིས་དགའ་བསུ་ཞུས་འདུག

འཛམ་གླིང་གི་བཟི་སྨན་འགོག་རྒོལ་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ཤིག་སྤེལ་བའི་ནང་། སན་ཡང་གིས་འཛམ་གླིང་གི་བཟི་སྨན་འགོག་རྒོལ་གྱི་ཁྲིམས་སྒྲིག་གཞིར་བཟུང་རང་གི་བརྟག་དཔྱད་བྱ་ཡུལ་གྱི་མ་དཔེ་དག་རྟོག་ཞིབ་པར་རང་འགུལ་ཐོག་མ་སྤྲད་པའི་ཐོག་ནས་ཁྲིམས་ལ་བསྐྱར་གཏུག་བྱས་ཡོད་སྐོར་བརྗོད་ཡོད་འདུག ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡ ཚེས་ ༣ ཉིན་ཨོ་རྩལ་འགྲན་ཚོགས་ཀྱི་ཆུ་རྩེད་ལྷན་ཚོགས་ (Fédération Internationale de Natation) ཀྱིས་སན་ཡང་ཉེས་མེད་ཡིན་པའི་ཐག་གཅོད་བྱས་ཡོད་ཀྱང་། འཛམ་གླིང་གི་བཟི་སྨན་འགོག་རྒོལ་ལྷན་ཚོགས་ཀྱིས་ངོས་ལེན་མ་བྱས་པར་འདས་ལོའི་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་ཨོ་རྩལ་འགྲན་ཚོགས་ཀྱི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་འདུག

ཁྲིམས་ཁང་གི་བཅད་ཁྲ་གསལ་བསྒྲགས་བྱས་པ་དང་བསྟུན་ཁ་སང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་དྲ་བའི་ནང་སན་ཡང་གིས། འདི་ནི་དྲང་བདེན་མ་རེད། ངས་ནག་ཉེས་བྱས་མེད་པར་ཡིད་ཆེས་བརྟན་པོ་ཡོད། ངས་ཁྲིམས་ཁང་གོང་མར་གཏུགས་ཏེ་མི་ཚོར་བདེན་པ་ཤེས་སུ་འཇུག་རྒྱུ་ཡིན། ཞེས་བརྗོད་འདུག་པ་མ་ཟད། སྒེར་གྱི་སྤྱི་ཚོགས་དྲ་ལམ་ཐོག་ཏུ་ཡང་ཐག་གཅོད་དེར་ཡི་མ་རངས་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད་འདུག དེ་བཞིན་རྒྱ་ནག་རྩེད་རིགས་ལྷན་ཚོགས་ཀྱིས་ད་ཐེངས་ཀྱི་ཐག་གཅོད་དེ་ནི་བློ་ཕམ་ཅན་ཞིག་ཡིན་སྐོར་དང་། ལྷན་ཚོགས་ངོས་ནས་སན་ཡང་ལ་ཁྲིམས་ཐོག་ནས་རང་གི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུར་རོགས་འདེགས་བྱ་རྒྱུ་ཡིན་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་འདུག

འདི་ནི་རང་ལོ་ ༢༨ ཡིན་པའི་འཛམ་གླིང་གི་ཆུ་རྐྱལ་ཟིན་ཐོ་གསར་པ་སྐྲུན་མཁན་སན་ཡང་ལ་བཀག་སྡོམ་བྱས་པ་ཐེངས་དང་པོ་རེད་མི་འདུག  ཕྱི་ལོ་ ༢༠༡༤ ལོར་སན་ཡང་གིས་རྩེད་འགྲན་སྐབས་སྤྱོད་མི་ཆོག་པའི་སྨན་ཞིག་སྤྱད་པའི་རྒྱུ་མཚན་གྱིས་ཟླ་གསུམ་རིང་ཆུ་རྐྱལ་རྩེད་འགྲན་ནང་བཀག་ཡོད་པ་རེད། ད་ཐེངས་ཀྱི་བཅད་ཁྲའི་རྐྱེན་པས་སན་ཡང་འདི་ལོའི་ཨོ་རྩལ་འགྲན་བསྡུར་ནང་ཞུགས་ཐུབ་ཀྱི་མེད་པ་རེད།ཕྱི་ལོ་ ༢༠༡༢ ལོའི་ལོན་ཊོན་ཨོ་རྩལ་འགྲན་བསྡུར་ཐོག་སན་ཡང་གིས་གསེར་གྱི་རྟགས་མ་གཉིས་དང་། ཕྱི་ལོ་ ༢༠༡༦ ལོའི་རིའོ་(Rio) ཨོ་རྩལ་འགྲན་བསྡུར་སྟེང་གསེར་གྱི་རྟགས་མ་གཅིག་བཅས་ཁྱོན་འཛམ་གླིང་གི་རྟགས་མ་ ༡༡ བླངས་ཏེ་མིང་གྲགས་ཅན་གྱི་རྐྱལ་རྩལ་བ་ཞིག་ཏུ་གྱུར་ཡོད་ཀྱང་། འདས་ལོའི་ཆུ་རྐྱལ་རྩེད་འགྲན་ཞིག་གི་ཐོག་ཨོ་གླིང་གི་ཆུ་རྐྱལ་བ་གྲགས་ཅན་མེག་ཧོར་ཊོན་ (Mack Horton) གྱིས་སན་ཡང་ལ་མངོན་གསལ་དོད་པོས་བཟི་སྨན་སྤྱད་དེ་གཡོ་ཟོལ་འཁྲབ་མཁན་ཞེས་བརྗོད་ཡོད་པ་མ་ཟད། རྟགས་མ་ལེན་སྐབས་སན་ཡང་དང་ལྷན་དུ་སྡིངས་ཆ་མཉམ་སྤྱོད་བྱས་མེད་པ་རེད། དེ་བཞིན་དབྱིན་ཡུལ་གྱི་ཆུ་རྐྱལ་རྩེད་འགྲན་པ་ཌུན་ཁེན་སི་ཁོ་ཊི་(Duncan Scott) ཡིས་ཀྱང་འདས་ལོར་ལྷོ་ཀོ་རི་ཡར་བསྡུས་པའི་ཆུ་རྩེད་འགྲན་ཚོགས་སྟེང་ཟངས་ཀྱི་རྟགས་མ་ལེན་སྐབས། གསེར་གྱི་རྟགས་མ་ལེན་མཁན་སན་ཡང་དང་ལག་འབྲེལ་བྱས་མེད་པ་མ་ཟད། སྡིངས་ཆའི་ཐོག་མཉམ་པར་ཡང་བླངས་མེད་པ་རེད། སི་ཁོ་ཊི་ཡིས་ཐེངས་འདིའི་ཐག་གཅོད་དེར་རྒྱབ་སྐྱོར་ཡོད་སྐོར་དང་། རྩེད་འགྲན་གཙང་མ་དང་རྩེད་འགྲན་པའི་བར་འདྲ་མཉམ་གྱི་སྡིངས་ཆ་ཡོད་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༢/༢༩

Leave a Reply