བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དངོས་སུ་གཟིགས་ཞིབ་གནང་རོཊ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་བྷ་ཆི་ལེ་ཊི་ལགས་རྒྱ་ནག་ནང་ཕེབས་འཆར་ཡོད་པ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དངོས་སུ་གཟིགས་ཞིབ་དགོས་པའི་འབོད་སྐུལ་ཞུས།དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་སྐུ་བྷ་ཆི་ལེ་ཊི་(Michelle Bachelet)ལགས་ཀྱིས། རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་སོགས་ཀྱི་ནང་གཞུང་འབྲེལ་སྐོར་སྐྱོད་གནང་འཆར་ཡོད་སྟབས། ཨ་རིའི་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལྕམ་བྷ་ཆི་ལེ་ཊི་ལགས་བོད་ནང་ལའང་ཕེབས་ཏེ།  བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཉམ་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག་ལ། ད་ལྟའི་ཆར་ག་དུས་ཕེབས་རྒྱུ་ཡིན་མིན་སོགས་གསལ་བོ་མི་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབོད་སྐུལ་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལགས་ཀྱིས་རྒྱ་ནག་ནང་སྐོར་སྐྱོད་གནང་རྒྱུ་ཡིན་པར་འཚམས་འདྲི་དང་སྦྲགས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་བོད་ནི་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་ནག་གཞུང་གིས་ད་སྔ་བར་བོད་ནང་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་ལས་བྱེད་རྣམས་བོད་ནང་གི་གནས་སྟངས་རྒྱུས་ལོན་ཆེད་སྐོར་སྐྱོད་བྱེད་དུ་འཇུག་གི་མེད་པས། བོད་ནི་འཛམ་གླིང་གི་ཆེས་ཁེར་རྐྱང་དང་རྒྱལ་སྤྱིའི་གསར་འགོད་པ་ཚོ་བོད་ནང་བསྐྱོད་རྒྱུ་ནི་བྱང་ཀོ་རི་ཡ་ལས་ལྷག་གི་བཀག་སྡོམ་ཆེ་བ་ཡོད་པ་རེད།  ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་ནང་གནས་ཚུལ་ཞུ་གཏུག་འགན་འཛིན་གཱེ་མོ་ལར་ (Kai Mueller) ལགས་ཀྱིས། རྒྱ་ནག་གཞུང་གིས་ཉིན་རེར་སྒྲིག་འཛུགས་ལྡན་པའི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་གཉའ་གནོན་གཏོང་གི་ཡོད་པ་དང་། ང་ཚོས་མཐོང་བཞིན་པའི་དེ་རིང་གི་ཤིན་ཅང་ནི་རྒྱ་ནག་གིས་བོད་ནང་ཚོད་ལྟ་བྱས་ཏེ་བྱུང་བའི་གྲུབ་འབྲས་ཤིག་ཆགས་བསྡད་ཡོད་པས། ལྕམ་བྷ་ཆི་ལེ་ཊི་ལགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་བཏང་བ་སོགས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་གི་ཡོད་པ་དང་།  བོད་ཀྱི་སྐད་ཡིག་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་སོགས་ཀྱི་སྐོར་རྒྱ་ནག་གཞུང་དང་ལྷན་དུ་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ཚོགས་ནང་གི་རྒྱ་ནག་གི་མགྲིན་ཚབ་པ་ཁྲིན་ཞི་ (Chen Xu) ཟེར་བ་དེས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན། ཆོས་ལུགས་ཀྱི་དབུ་འཁྲིད་སོགས་མི་གྲངས་ ༡༠༠༠ ལྷག་ཤིན་ཅང་ཁུལ་དུ་གདན་འདྲེན་ཞུ་ཡི་ཡོད་ལ། ད་ལྟའང་རྒྱ་ནག་ཕྱོགས་ནས་རྒྱལ་སྤྱིའི་མི་སྣ་ཁག་སྐད་བཏང་སྟེ། ཁོ་རང་ཚོར་དངོས་སུ་ཤིན་ཅང་ཁུལ་གྱི་འཕེལ་རྒྱས་སྟོན་འདོད་ཡོད། ང་ཚོས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་བྷ་ཆི་ལེ་ཊི་ལགས་རྒྱ་ནག་དང་དམིགས་བསལ་ཤིན་ཅང་ཁུལ་དུ་ཕེབས་པར་དགའ་བསུ་ཞུ་ཡི་ཡོད་པ་མ་ཟད། ཁོང་གི་སྐོར་སྐྱོད་ཐད་གོ་སྒྲིག་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ལྕམ་བྷ་ཆི་ལེ་ཊི་ལགས་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་ནང་ཕེབས་རྩིས་གནང་ཡོད་ཀྱང་རྒྱ་ནག་གཞུང་ནས་རང་དབང་གི་གཟིགས་ཞིབ་གནང་རྒྱུར་མོས་མཐུན་བྱས་མེད་པས་ཕེབས་ཐུབ་མེད་པ་དང་། ད་ལན་རྒྱ་ནག་གཞུང་ནས་སྐོར་སྐྱོད་གནང་བར་དགའ་བསུ་དང་རོགས་འདེགས་ཆ་ཚང་ཡོད་སྐོར་བརྗོད་འདུག་ཀྱང་། རྒྱལ་ཚོགས་ཀྱིས་ད་ལན་རྒྱ་ནག་གཞུང་ནས་ཚད་བཀག་མེད་པར་རང་དབང་གི་ཞིབ་འཇུག་བྱེད་དུ་འཇུག་དགོས་སྐོར་བརྗོད་འདུག ཉེ་སྔོན་ཇེ་ནི་ཝ་རུ་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག འཛམ་གླིང་རྒྱལ་ཁབ་ ༢༣ གྱིས་རྒྱ་ནག་གཞུང་ནས་ཤིན་ཅང་ཁུལ་གྱི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་དང་རང་དབང་སོགས་ལ་རྡོག་རོལ་གཏོང་གི་ཡོད་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

ཕྱི་ལོ་ ༡༩༨༨ ནས་འདས་པའི་ལོ་ངོ་ ༢༢ རིང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ནས་བོད་ནང་སྐོར་སྐྱོད་གནང་མྱོང་མེད་པ་དང་། ལྕམ་སྐུ་མཱ་རེ་རོ་བྷིན་སན་(Mary Robinson)ལགས་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཞིག་བོད་ནང་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༢/༢༩

Leave a Reply