བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་འབོར་ཆེན་གཏོང་འཆར་འདུག

རྒྱ་ནག་གཞུང་གིས་འདི་ལོའི་ལོ་མགོ་ནས་བོད་ཀྱི་ས་མཚམས་གཏན་སྲུང་ཆེད་གྲོང་ཁྱེར་ཁག་ ༢༠ ནས་དམག་མི་གྲངས་འབུམ་གཉིས་ལྷག་བོད་ལ་གཏོང་རྒྱུ་ཡིན་འདུག 

 

འདི་གའི་གསར་འགོད་པར་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ལོ་མགོ་ནས་བཟུང་བོད་ཀྱི་ལྷ་སའི་ཉེ་འགྲམ་དུ་ཡོད་པའི་ཀྲུང་ཏུའུ་དམག་སྒར་ཞེས་པའི་ནང་། རྒྱ་ནག་གྲོང་ཁྱེར་ཁག་ ༢༠ ཡས་མས་ནས་དམག་མི་གྲངས་ ༢༥༠༠༠༠ ཙམ་གཏང་ནས། བོད་ཁུལ་ལ་སྔར་ལས་དམ་དྲག་བྱ་རྒྱུ་ཡིན་འདུག


གནས་ཚུལ་མཁོ་སྤྲོད་པས་སྤྱིར་ད་འདི་ལོར་རྒྱ་ནག་གཞུང་གིས་བོད་ཐོག་ཁྲིམས་སྒྲིག་མང་པོ་ཞིག་གཏན་འབེབས་བྱས་ཡོད་པ་མ་ཟད། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཀྱི་ས་མཚམས་སྲུང་སྐྱོབ་ཇེ་ཆེར་གཏོང་བཞིན་པ་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༡༢ ནས་བཟུང་ཉིན་ལྟར་ལྷ་སའི་ས་གནས་གང་སར་སྔོན་དང་མི་འདྲ་བའི་དམག་མི་མང་པོ་ཞིག་མཐོང་རྒྱུ་ཡོད་པ་མ་ཟད། མེ་འཁོར་འབབ་འཚུགས་ཀྱི་ཕྱོགས་གང་སར་སྐོར་སྲུང་དམག་མི་སྔར་བས་ཇེ་མང་བཏང་ཡོད་སྐོར་བརྗོད་བྱུང་།

 

ཡང་ཁོས་མུ་མཐུད། དེ་སྔོན་ཡིན་ན་ལྷ་སའི་མེ་འཁོར་འབབ་འཚུགས་ཀྱི་སྒོ་རྟགས་ ༡༡ དེ་དམག་མིའི་བཤར་ལམ་ཞིག་ཡིན་ནའང་། འདི་ལོ་ནས་སྒོ་རྟགས་ ༡༢ དེ་ཡང་དམག་མིའི་བཤར་ལམ་དུ་གཏན་འབེབས་ཀྱིས་སྒོ་དེ་གཉིས་ནས་སྤྱི་དམངས་འགྲོ་སྐྱོད་མི་ཆོག་པ་བཟོས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༢ ཉིན་ཤེས་རྟོགས་བྱུང་བ་ལྟར་ན། སྔར་ལོ་གསར་འཛུགས་བྱས་པའི་ལྷ་ས་གྲོར་ཁྱེར་གཙུག་ལག་ཁང་གི་གཡས་ཕྱོགས་ཀྱི་ལེ་དབར་ ༡༢ མཚམས་སུ་ཡོད་པའི་དམག་མིའི་སྣེ་ལེན་ཁང་དེར། ས་ཁུ་གཞན་ནས་ཡོང་བའི་དམག་མི་ཚོའི་ཐོ་འགོད་དང་གནས་སྡོད་བྱེད་ས་བྱས་ཡོད་སྐོར་བརྗོད་བྱུང་།

 

སྤྱིར་བོད་རང་སྐྱོང་ལྗོངས་སུ་ལོ་ལྟར་རྒྱ་ནག་གཞུང་གིས་དམག་བསྡུའི་ལས་དོན་གྱི་དམག་མི་བསྡུ་ཐེངས་གཉིས་དང་སློག་ཐེངས་གཉིས་ཟེར་བའི་ལས་གཞི་ཞིག་ལག་བསྟར་བྱས་ཡོད་ནའང་། ཕྱི་ལོ་ ༢༠༡༩ ནས་བཟུང་རང་སྐྱོང་ལྗོངས་ཀྱི་དམག་བསྡུའི་ལས་དོན་ཕྱོགས་སྡོམ་དང་སྔོན་མའི་དམག་མའི་བསྡུ་ཐེངས་གཉིས་དང་སློག་ཐེངས་གཉིས་ཞེས་པ་དེར་བསྒྱུར་བཅོས་བཏང་ནས་དམག་མི་ཕྱིར་སློག་རྒྱུའི་སྲིད་བྱུས་དེ་མེད་པར་བཟོས་ཡོད་འདུག

 

རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༠༢/༢༩

Leave a Reply

One thought on “བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་འབོར་ཆེན་གཏོང་འཆར་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    ད་ལྟའི་ཆ་ལ་བོད་རྒྱ་ནག་གི་དབང་འོག་ཏུ་ཡོད་པ་ནས་བོད་ཀྱི་བདེ་འཇགས་དང་རྒྱ་ནག་གི་རྒྱལ་སྲུང་ལ་རྒྱ་ནག་དབུས་གཞུང་ནས་འགན་འཁུར་དགོས་པར་སོང་ཉེན་ཁ་ཡོད་ས་ལ་དྲག་དམག་གཏོང་རྒྱུ་དང་འཇོག་རྒྱུ་དེ་འཛམ་གླིང་གི་རྒྱལ་ཁབ་ཚང་མས་ལས་འགན་ཡིན་པ་དང་གལ་ཆེ་ཤོས་དེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་དུ་མེད་པ་ལ་ང་ཚོའི་འབྲེལ་ཡོད་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་བསྐུལ་རྒྱུན་སྲིངས་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོ་སྤྲོད་ཞུ་འདོད་བྱུང།