༧གོང་ས་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཝེ་ཐི་ནམ་མཉམ་འབྲེལ་ནང་དགོན་གྱི་མཁན་པོ་ཐའེ་ཆི་ཁེན་དྷོ་མཆོག་སྐུ་གྲོངས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༢༢ ཉིན་ཝེ་ཐི་ནམ་མཉམ་འབྲེལ་ནང་དགོན་(The Unified Buddhist Church of Vietnam)གྱི་མཁན་པོ་ཐའེ་ཆི་ཁེན་དྷོ(Thich Quang Do)མཆོག  དགུང་གྲངས་ ༩༡ སྟེང་ཁྲག་ཤེད་དང་སྙིང་གི་ན་ཚའི་རྐྱེན་གྱིས་དགོངས་པ་རྫོགས་ཡོད་པར་བརྟེན། ཁ་སང་ཕྱི་ཚེས་ ༡ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཁན་པོ་ཁོང་གི་ཤུལ་ལུས་ཆོས་གྲོགས་དང་དད་ལྡན་སློབ་འབངས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ།  ངོས་རང་མཁན་པོ་ཐའེ་ཆི་ཁེན་དྷོ་མཆོག་དང་དངོས་སུ་མཇལ་མྱོང་མེད་ན་ཡང་། ངོས་ཀྱིས་ཤེས་རྟོགས་ཡོང་བ་ཞིག་ལ་མཁན་པོ་མཆོག་གིས་ལྷག་བསམ་རྣམ་དག་གིས་གཞན་དོན་ཆེད་ཕྱག་ལས་མང་པོ་གནང་ཡོད་པ་དང་། ང་ཚོས་མཁན་པོ་མཆོག་གིས་སྐུ་ཚེ་གང་པོར་འགྲོ་དོན་མཛད་དེ་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་བ་དེ་རྗེས་སུ་དྲན་ཆོག ཅེས་གསུངས་འདུག

མཁན་པོ་ཐའེ་ཆི་ཁེན་དྷོ་མཆོག་ནི་ཕྱི་ལོ་ ༡༩༢༨ ཟླ་ ༡༡ ཚེས་ ༢༧ ཉིན། ཝེ་ཐི་ནཱམ་(Thái Bình)མངའ་སྡེའི་ནང་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་ཝེ་ཐི་ནམ་མཉམ་འབྲེལ་ནང་དགོན་གྱི་མཁན་པོ་གནང་ཡོད་པ་དང་། ཁོང་ནི་ཆོས་ལུགས་དབུ་འཁྲིད་ཅིག་ཡིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་ཀྱི་རང་དབང་ལས་འགུལ་བ་ཞིག་ཀྱང་ཡིན་འདུག  ཝེ་ཐི་ནམ་གྱི་ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འབྲང་པ་སྲིད་འཛིན་(Ngo Dinh Diem)སྐབས་སུ་ནང་པ་ཚོར་ཕྱོགས་ལྷུང་གི་སྲིད་བྱུས་མང་པོ་གཏན་འབེབ་བྱས་པར་ཁོང་གིས་ངོ་རྒོལ་ཤུགས་ཆེན་གནང་ཡོད་པ་དང་། དེ་བཞིན་ཝེ་ཐི་ནམ་དམར་ཤོག་ཚོགས་པས་བྱེད་ལས་དང་འགྲོ་བ་མིའི་ཐོབ་ཐང་ཐད་འཐབ་རྩོད་རྒྱུན་པར་གནང་ཡོད་སྟབས།  ཁོང་ལོ་ངོ་ ༤༥ མ་ཟིན་ཙམ་རིང་བཙོན་འཇུག་བཀག་ཉར་འོག་བཞུགས་དགོས་བྱུང་ཡོད་འདུག

ཕྱི་ལོ་ ༢༠༠༡ ལོར་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་མཁན་པོ་ཁོང་ལ་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོར་ཁོང་ལ་(Czech) ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་(People In Need)ཞེས་པའི་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། ལོ་དེའི་(Homo Homini Award)ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༦ ལོར་ནོར་ཝེ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་(Thorolf Rafto)ལགས་ཀྱི་རྗེས་དྲན་གཟེངས་རྟགས་ཕུལ་ཡོད་པ་མ་ཟད། ལོ་དེར་ཁོང་ལ་རྒྱལ་སྤྱིའི་དམངས་གཙོ་ལས་འགུལ་ཁང་གི་དམངས་གཙོའི་གཟེངས་རྟགས་ཀྱང་ཕུལ་ཡོད་འདུག་ལ། ཁོང་དེ་སྔོན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སོགས་ཀྱི་འོས་ཁོངས་སུའང་བདམས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༠༢

Leave a Reply