བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་ ༡༤ པ་འཚོགས་བཞིན་འདུག

༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོས་ཀྱང་མ་འོངས་པར་ལག་རྩལ་ཅན་དང་འཕྲུལ་ལས་ཅན། དེ་བཞིན་ཐོན་སྐྱེད་ཡར་རྒྱས་ཅན་དུ་བསྒྱུར་བའི་འགན་འཁྲིའི་ཐོག་ཤུགས་སྣོན་རྒྱག་དགོས་སྐོར་བཀའ་སློབ་གནང་འདུགཁ་སང་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་སེར་བྱེས་བཀྲ་ཤིས་ཆོས་གླིང་ཤེས་ཡོན་ལྟེ་གནས་ཁང་དུ། ཉིན་གྲངས་ ༦ རིང་གི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་ ༡༤ པ་མགོ་འཛུགས་ཀྱི་མཛད་སྒོ་བསྡུས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ལྷོ་གཞིས་ཆོས་འཕེལ་ཐུབ་བསྟན་ལགས་དང་། སེར་བྱེས་མཁན་རིན་པོ་ཆེ་དང་མཁན་ཟུར། དེ་བཞིན་རྒྱལ་ཡོངས་མཐོ་སློབ་ཁག་ ༢༧ ནས་སྐུ་ཚབ་ཚོགས་བཅར་བ་སློབ་མ་གྲངས་ ༡༡༥ བཅས་འཛོམས་ཡོད་འདུག

མཛད་སྒོའི་སྐབས་ཚོགས་ཆེན་གྱི་སྦྱིན་བདག་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་། བོད་ཀྱི་མཐོ་འབྲིང་སློབ་མ་ནང་ཁུལ་དུ་རྩོམ་རིག་འགྲན་བསྡུར་ཁྲོད་ཨང་རིམ་རྩེར་སོན་རྣམས་ལ་བྱ་དགའ་ཕུལ་ཡོད་པ་དང་། དེ་བཞིན་སྐབས་ ༡༣ པའི་ཚོགས་ཆེན་ཐོག་དྲ་རྒྱའི་སྤྱི་ཚོགས་ནང་བོད་སྐད་ཡིག་གོ་རྟོགས་སྤེལ་རྒྱུའི་དམ་བཅའ་བཞག་སྟེ། ལོ་གཅིག་རིང་ལས་འགུལ་སྤེལ་མཁན་བསྟན་འཛིན་ཐུབ་བསྟན་ལགས་ལ་དམིགས་བསལ་ཆེས་མཐོའི་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་འདུག

ཐོག་མར་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ངོ་སྤྲོད་སྐབས་ཚོགས་གཙོ་བསོད་ནམས་ཕུན་ཚོགས་ལགས་ཀྱིས། ཕྱི་ལོ་ ༢༠༠༦ ལོར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་དགོངས་ཚུལ་འོག མཐོ་རིམ་སློབ་མའི་ཚོགས་ཆེན་དང་པོ་རྒྱ་གར་ལྷོ་ཕྱོགས་མེང་ལོར་དུ་ཚོགས་ཡོད་པ་དང་། ཚོགས་པ་དེ་ནི་མཐོ་རིམ་སློབ་མའི་དཀའ་ངལ་གླེང་སློང་བྱེད་ས་ཞིག་དང་། གཞུང་དང་སྒེར་གཉིས་འབྲེལ་གཏུགས་བྱེད་སའི་ཟམ་པ་ལྟ་བུ་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༩ ལོ་དེ་༧རྒྱལ་བའི་དགུང་སྐེག་ལ་འཁེལ་ཡོད་པ་དང་བསྟུན། ཚོགས་པ་དེས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་ཐོག་༧རྒྱལ་བའི་ཐུགས་ཀྱི་དམ་བཅའ་བཞིའི་ཐོག་ཉམས་ལེན་བྱེད་པའི་མོས་མཐུན་བྱུང་བ་བཞིན་ལས་གཞི་ཆེན་པོ་ལྔ་སྤེལ་ཡོད་པ་སོགས། ཚོགས་པ་དེ་སྲོལ་རྒྱུན་དང་དེང་དུས་ཤེས་ཡོན་གཉིས་ཀྱི་སྐོར་ལ་བགྲོ་གླེང་བྱེད་སའི་སྡིངས་ཆ་ཡག་ཤོས་ཤིག་ཆགས་ཡོད་སྐོར་བརྗོད་ཡོད་འདུག

དེའི་རྗེས་ཚོགས་ཆེན་གྱི་གལ་ཆེན་རང་བཞིན་ཐད་ལ་སྤྱི་ཁྱབ་འབྲེལ་མཐུད་པ་དཀོན་མཆོག་རིན་ཆེན་ལགས་ཀྱིས། ཚོགས་པ་འདི་བོད་ཕྱི་ནང་གཉིས་དང་བོད་གཞུང་མང་གཉིས་བར་གྱི་ཟམ་པ་ལྟ་བུ་ཞིག་ཆགས་ཡོད་པ་དང་། དགྲ་བོ་རྒྱ་དམར་གྱིས་བོད་ཡིག་རྒྱ་ཡིག་ཏུ་བཟོ་བ་དང་བོད་ཡུལ་རྒྱ་ཡུལ་དུ་བཟོ་བའི་འབད་བརྩོན་མང་པོ་བྱེད་ཀྱི་ཡོད་ནའང་། གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་སོགས་ལ་བརྟེན་ནས་ད་ལྟ་བར་དུ་གནས་ཡོད་པ་རེད། དེ་བས་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་གཞིས་ལུས་སྤུན་ཟླ་རྣམས་ཀྱི་ང་ཚོར་བཅིངས་བའི་ཡིད་ཆེས་ག་དུས་ཡིན་ནའང་མིག་དཔེ་ལྟ་ས་ཞིག་ཆགས་ཀྱི་ཡོད་པ་བསམ་གྱི་འདུག ཅེས་དང་། བོད་ཀྱི་ཆོས་དང་རིག་གཞུང་དང་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་རྣམས་འཛམ་གླིང་གི་སྡིངས་ཆའི་ཐོག་འཁྱེར་ཐུབ་པར་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོར་འགན་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག དེ་ཡང་ངས་ནམ་རྒྱུན་བོད་གཅིག་གི་སྐད་ཆ་དེ་བཤད་ཀྱི་ཡོད། ང་ཚོ་ལ་སྐད་ཡིག་གཅིག་དང་རྒྱལ་གླུ་གཅིག རྒྱལ་དར་གཅིག་དང་དབུ་འཁྲིད་གཅིག དེ་བཞིན་ང་ཚོའི་དགྲ་བོ་གཅིག་རེད། དགྲ་བོ་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱེད་སྐབས་ཁྱེད་ཀྱི་ཆོལ་ཁ་དང་ཆོས་བརྒྱུད་འདི་དང་དེ་རེད་ལབ་ནས་དབྱེ་བ་བྱས་ནས་བཙན་འཛུལ་བྱས་མེད་པར། བོད་ཡོངས་ལ་བཙན་འཛུལ་བྱས་པ་རེད། དེའི་ཐོག་ནས་ང་ཚོའི་དགྲ་བོ་གཅིག་ཡིན་པ་ཤེས་དགོས་པ་རེད། ཅེས་བོད་དོན་འཐབ་རྩོད་ཐོག་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཕྱོགས་གཅིག་ཏུ་སྤུངས་དགོས་སྐོར་བརྗོད་ཡོད་འདུག

ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་པ་མཆོག་ནས་བཀའ་སློབ་ལམ་སྟོན་གནང་དོན། སློབ་མ་ཚོས་ཐུགས་འཁུར་ཡོད་པའི་ཐོག་ནས་སློབ་སྦྱོང་ལ་དོན་གཉེར་བྱ་དགོས་པ་མ་ཟད། སློབ་སྦྱོང་དེ་ཡང་དེང་དུས་ཀྱི་ཤེས་ཡོན་ཙམ་མིན་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་འབྲེལ་བའི་ཤེས་ཡོན་དག་ལ་དོན་གཉེར་བྱ་དགོས་པ་དང་། ནང་པའི་ཚན་རིག་ཅེས་སེམས་དང་སེམས་བྱུང་གི་རྣམ་གཞག་དེ་དག་མ་ཤེས་ན་དེང་དུས་ཀྱི་ཤེས་ཡོན་གྱིས་གང་ཡང་ཕན་ཐོགས་ཀྱི་མེད་སྐོར་དང་། སློབ་མ་ཚོས་རྒྱ་ཆེ་ས་ནས་བསམ་བློ་བཏང་སྟེ་བྱུང་ན་འཛམ་གླིང་ཁྱོན་ཡོངས་དང་། དེ་མ་བྱུང་ན་ཡང་བོད་གཞིས་བྱེས་གཉིས་ཀའི་འདོད་དོན་བསྒྲུབ་ཆེད་ཧུར་བརྩོན་བྱ་དགོས་པ། དེ་ཙམ་དུ་མ་ཟད་བོད་ལ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཅེས་པ་ཡོད་པ་བཞིན་སློབ་མ་ཚོས་ཀུན་སྤྱོད་ལེགས་པོ་སྲུང་གལ་ཆེ་སྐོར་དང་། ༧གོང་ས་མཆོག་གི་བཀའ་ཆོས་མང་པོ་ཞིག་པར་བསྐྲུན་བྱས་པ་དེ་དག་གོ་བདེ་པོ་ཡོད་སྟབས། དེར་ལྟ་ཀློག་སྦྱོང་གསུམ་བྱེད་དགོས་པ་དང་། འཛམ་གླིང་ཐོག་བོད་པ་ཞེས་ཤེས་ཡོན་དང་ཆོས་བཟང་པོ་ཡོད་པའི་གདེང་འཇོག་དེ་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ཁོང་གི་བཀའ་རྣམས་བསྒྲུབ་པའི་ཐོག་ནས་བཀའ་དྲིན་རྗེས་སུ་དྲན་དགོས་སྐོར་གསུངས་ཡོད་འདུག

དམིགས་བསལ་སྐུ་མགྲོན་ལྷོ་གཞིས་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས། རྒྱ་གར་གྱི་སྲིན་བློན་མུ་དྷི་མཆོག་ནས་དེང་སྐབས་རྒྱ་གར་གྱི་གཞོན་སྐྱེས་ཚོར་མ་འོངས་པ་རྒྱ་གར་དེ་ལག་རྩལ་ཅན་གྱི་རྒྱ་གར་ (Skill India) དང་ (Digital India) ། རྒྱལ་ནང་ཐོན་སྐྱེད་ཅན་གྱི་རྒྱ་གར་ (Make in India) བཅས་བརྗོད་གཞི་གསུམ་གྱི་ཐོག་ཤུགས་སྣོན་རྒྱག་གི་ཡོད་པ་དང་། དེ་ནི་རྒྱ་གར་གྱི་སློབ་མཐར་སོན་པ་རྣམས་ཀྱིས་འགན་འཁུར་བའི་ཐོག་རྒྱ་གར་ཡར་རྒྱས་གཏོང་ཐུབ་རྒྱུ་དང་། དེ་བཞིན་རྒྱ་གར་དེ་དེང་དུས་འཕྲུལ་ཆས་དང་མཐུན་པའི་འཛམ་གླིང་གི་རྗེས་ཆོད་པ། རྒྱལ་ནང་དུ་རང་ཉིད་ཀྱི་ཐོན་འབབ་བཟོ་ཐུབ་ཐབས་སུ་ཤུགས་ཆེན་པོ་རྒྱག་གི་ཡོད་པ། བོད་ལ་ཆ་བཞག་ནའང་དེ་ལྟ་བུའི་ལྟ་གྲུབ་ཀྱི་ཐོག་ནས་ཕུགས་རྒྱང་རིང་པོའི་ཐོག་བསམ་བློ་གཏོང་ཐུབ་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། སྤྱིར་བོད་ཀྱི་ནང་དོན་རིག་པས་འཛམ་གླིང་གི་མི་གྲངས་མང་པོའི་སེམས་ཁམས་བདེ་ཐང་ཐད་ཞབས་འདེགས་སྒྲུབ་པར་ནུས་པ་དང་ཆ་རྐྱེན་ཡོད་པས། ཐེངས་འདིའི་བགྲོ་གླེང་བརྒྱུད་སྔར་ལྷག་ཚགས་ཚུད་ཐབས་ལ་བསམ་བློ་གཏོང་གལ་ཆེ་བ། དེ་བཞིན་བོད་མི་ནང་ཁུལ་མཐུན་སྒྲིལ་ཆེད་བོད་མི་གཞོན་སྐྱེས་ཚོས་ངེས་པར་དུ་དོ་སྣང་སྤྲད་དེ་འགན་འཁུར་དགོས་ཀྱི་ཡོད་སྐོར་སོགས་གསུངས་ཡོད་འདུག དེའི་རྗེས་སེར་བྱེས་མཁན་རིན་པོ་ཆེ་མཆོག་ནས་བོད་ཀྱི་གཞོན་སྐྱེས་ཚོར་དེང་རབས་ཀྱི་ཤེས་ཡོན་ཡོད་ཐོག་ཡ་རབས་བཟང་སྤྱོད་དང་སྤྱི་སེམས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་གལ་ཆེ་སྐོར་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་ཡོད་འདུགཐེངས་འདིའི་ཉིན་ ༦ རིང་ཤེས་ཡོན་དང་རྩ་དོན། འགན་འཁྲི་སོགས་བརྗོད་གཞི་མ་འདྲ་བ་ ༢༡ ཙམ་གྱི་ཐོག་བགྲོ་གླེང་གནང་བཞིན་ཡོད་པ་དང་། ཚོགས་ཆེན་ནང་མཐོ་སློབ་ ༥༤ ཡི་སྐུ་ཚབ་མཉམ་ཞུགས་ཡོང་ཐབས་བྱས་ཡོད་པའི་ཁྲོད་ནས་མཐོ་སློབ་ཁག་ ༢༧ ནས་སློབ་མ་ ༡༡༥ ཙམ་དངོས་སུ་མཉམ་ཞུགས་གནང་ཐུབ་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༠༢

Leave a Reply