ལོ་གསུམ་ཙམ་ནང་ཡུ་གུར་བ་སོགས་མི་གྲངས་ཁྲི་ ༨ ལྷག་བཙན་གྱིས་ངལ་རྩོལ་ཁང་དུ་བཏང་།

རྒྱ་ནག་གཞུང་གིས་ཤིན་ཅང་རོགས་སྐྱོར་ཟེར་བའི་ལས་གཞིའི་འོག་ཡུ་གུར་བ་སོགས་མི་གྲངས་ཁྲི་ ༨ ལྷག་ས་གནས་གཞན་གྱི་བཟོ་གྲྭ་ཁག་ཏུ་བཏང་སྟེ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་བཞིན་ཡོད་པའི་སྙན་ཐོ་བཏོན།ཁ་སང་ཕྱི་ཚེས་ ༢ ཉིན་ཨོ་གླིང་དུ་ཡོད་པའི་ཨོ་སི་ཊོ་ལི་ཡའི་དམག་དོན་སྲིད་བྱུས་ཞིབ་འཇུག་ཁང་(Australian Strategic Policy Institute) གིས་ཡུ་གུར་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་གསལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཤིན་ཅང་རོགས་སྐྱོར་(Xinjian Aid) ཟེར་བའི་ལས་གཞིའི་འོག ཕྱི་ལོ་ ༢༠༡༧ ནས་ ༢༠༡༩ བར་ཤིན་ཅང་ཁུལ་ནས་ཡུ་གུར་བ་སོགས་མི་གྲངས་ཁྲི་ ༨ ལྷག་རྒྱ་ནག་གི་ས་ཁུལ་གཞན་དུ་ཡོད་པའི་བཟོ་གྲྭ་ཁག་ཏུ་ངལ་རྩོལ་ཆེད་བཏང་ཡོད་པ་མ་ཟད། དེ་དག་ཁྲོད་ནས་རེ་འགའ་ཤིན་ཅང་གི་སྒྱུར་བཀོད་ཁང་རང་ནས་བཏང་ཡོད་སྐོར་ཤེས་རྟོགས་བྱུང་ཡོད་འདུག

མང་ཚོགས་ཀྱི་ཡིག་ཆ་དང་། ཟུང་སྐར་གྱི་པར་རིས། དེ་བཞིན་གསར་འགྱུར་བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་གཞིར་བཞག་སྟེ་བཏོན་པའི་ཤོག་གྲངས་ ༥༠ ལྷག་གི་སྙན་ཐོ་དེའི་ནང་། རྒྱ་ནག་གི་ཞིང་ཆེན་ ༩ ནང་ཡོད་པའི་བཟོ་གྲྭ་ཁག་ ༢༧ ལྷག་གིས་ཤིན་ཅན་གྱི་སྒྱུར་བཀོད་ཁང་དུ་ཡོད་པའི་ཡུ་གུར་བ་སོགས་ངལ་རྩོལ་ཆེད་བཀོལ་སྤྱོད་བྱས་ཡོད་པ་མ་ཟད། བཟོ་གྲྭ་དེ་དག་གིས་ཀུ་ཤུ་འཕྲུལ་རིག་བཟོ་ཚོང་ཁང་ (Apple) དང་། ནའེ་ཀི་ (Nike) ཝོལ་སི་ཝོ་གན་རླངས་འཁོར་བཟོ་ཚོང་ཁང་ (Volkswagen) ལྟ་བུའི་རྒྱལ་སྤྱིའི་བཟོ་ཚོང་ཁང་ཆེ་གྲས་ ༨༣ ལྷག་ལ་ཐོན་སྐྱེད་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག དེ་བཞིན་ཞིབ་འཇུག་ཁང་དེའི་ཞིབ་འཇུག་གྲུབ་དོན་ནང་། རྒྱ་ནག་གི་བཟོ་གྲྭ་དེ་དག་ནང་ཡོད་པའི་ཡུ་གུར་བ་དང་གྲངས་ཉུང་མི་རིགས་ཀྱི་མི་མང་རྣམས་བཙན་གྱིས་ངལ་རྩོལ་དུ་བཀོལ་ཡོད་པ་མ་ཟད། ཁོ་ཚོ་ལོགས་སུ་ཚོམས་ཁང་ལྟ་བུའི་ནང་བཞག་སྟེ། རྒྱའི་སྐད་ཡིག་ལ་སློབ་སྦྱོང་དང་བསམ་བློ་བཅོས་བསྒྱུར་གྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་དང་། དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༢ པའི་ནང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཤོ་རཌ་ཛ་ཀིར་(Shohrat Zakir) ཟེར་བ་ཞིག་གིས། ཤིན་ཅང་གི་སྒྱུར་བཀོད་ཁང་དུ་ཡོད་པའི་ཡུ་གུར་བ་རྣམས་སྦྱོང་བརྡར་ལས་གཞི་ནས་མཐར་སོན་ཡོད་སྐོར་བརྗོད་ཡོད་ཀྱང་། ད་ཐེངས་ཀྱི་སྙན་ཐོའི་ནང་སྒྱུར་བཀོད་ཁང་ནས་བཙོན་གྲོལ་བཏང་ན་ཡང་། བཙོན་ཟུར་རྣམས་ལ་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། རེ་འགའ་བཟོ་གྲྭ་ཁག་ཏུ་ངལ་རྩོལ་ཆེད་བཙན་ཁྲིད་བྱས་ཡོད་སྐོར་བཀོད་འདུག དེ་ཡང་སྙན་ཐོ་གཞིར་བཟུང་། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཤིན་ཅང་ནས་ཡིན་པའི་གྲངས་ཉུང་ངལ་རྩོལ་བ་ ༦༠༠ ལྷག་རྒྱ་ནག་ཆིང་ཏའོ་(Qingdao) གྲོང་ཁྱེར་གྱི་ཐེག་ཝང་ལྷམ་བཟོ་ཚོང་ཁང་(Taekwang Shoes Co. Ltd)  དུ་ལས་ཀར་ཞུགས་ཏུ་བཅུག་ཡོད་པ་དང་། བཟོ་གྲྭ་དེའི་ནང་ངལ་རྩོལ་བ་རྣམས་ཀྱི་ཉིན་མོར་འཛམ་གླིང་ཐོག་མིང་གྲགས་ཆེ་བའི་ནའེ་ཀི་ཡི་ལྷམ་འཚེམ་པ་དང་། དགོང་མོར་སྒྱུར་བཀོད་ཁང་ནང་ཡོད་པ་ལྟར། རྒྱའི་སྐད་ཡིག་སྦྱོང་བ་དང་། རྒྱ་ནག་གི་རྒྱལ་གླུ་ལེན་པ། དེ་བཞིན་ཆབ་སྲིད་ཀྱི་སློབ་གསོ་ནང་ཞུགས་དགོས་ཀྱི་ཡོད་འདུགགཞན་ཡང་ས་གནས་གཞུང་གི་ཡིག་ཆ་གཞིར་བཟུང་འདས་ལོར་ཤིན་ཅང་གི་ངལ་རྩོལ་བ་ ༥༦༠ རྒྱ་ནག་གི་ཧེ་ནན་ཞིང་ཆེན་དུ་རྟེན་གཞི་བྱས་པའི་ཧྥོག་སི་ཀོམ་འཕྲུལ་རིག་བཟོ་གྲྭར་བཏང་ཡོད་པ་དང་། ཡང་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ ཉིན་ཤིན་ཅང་གི་ཀི་རི་ཡ་རྫོང་(Keriya) ནས་ཧེ་པེ་ཞིང་ཆེན་གྱི་བཟོ་གྲྭ་ཞིག་ལ་ཡུ་གུར་ངལ་རྩོལ་བ་ ༡༠༥ དང་། དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་འཕྲུལ་རིག་བཟོ་གྲྭ་ཞིག་གིས་ཧོ་ཐན་གྲོང་ཁྱེར་(Hotan) གྱི་སྲིད་གཞུང་དང་ལྷན་དུ། ལོ་རེར་བཟོ་གྲྭ་དེར་ཤིན་ཅང་གི་ཡུ་གུར་ངལ་རྩོལ་བ་ ༡༠༠༠ རེ་མཁོ་གཏོང་བྱ་རྒྱུའི་གན་རྒྱ་བཞག་ཡོད་འདུག

ད་ཐེངས་ཀྱི་སྙན་ཐོའི་མཇུག་བསྡོམས་ཏུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་བཟོ་ཚོང་ཁང་དག་ལ་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་ངལ་རྩོལ་སྒྱུར་བཀོད་ཀྱི་གནད་དོན་སོགས་ཀྱི་ཐོག་ཞིབ་འཇུག་བྱེད་དུ་འཇུག་དགོས་སྐོར་དང་། རྒྱ་ནག་གཞུང་ངོས་ནས་ངལ་རྩོལ་བའི་ཐོབ་ཐང་རྡོག་རོལ་གཏོང་མི་ཉན་སྐོར་སོགས་བརྗོད་འདུག་ལ། ཀུ་ཤུ་འཕྲུལ་རིང་བཟོ་ཚོང་ཁང་དང་། ནའེ་ཀི་བཟོ་ཚོང་ཁང་བཅས་ཀྱིས་ཁོ་ཚོར་ཐོན་སྐྱེད་མཁོ་སྤྲོད་བྱེད་མཁན་གྱི་བཟོ་གྲྭའི་ནང་འདི་ལྟ་བུའི་གནད་ཡོད་ལྷག་མྱོང་མེད་སྐོར་དང་། རེ་འགས་ཐེངས་འདིའི་སྙན་ཐོའི་གྲུབ་དོན་དང་འབྲེལ། གནད་དོན་དེ་དག་ཐོག་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༠༢

Leave a Reply