གླེགས་བམ་གསུམ་ཅན་གྱི་དབུས་གཙང་ལོ་རྒྱུས་ཆེན་མོ་དབུ་འབྱེད་གནང་།

ལོ་ལྔའི་རིང་རྩོམ་སྒྲིག་བྱས་ཤིང་གྲུབ་མཐའ་རིས་མེད་ཀྱི་ལོ་རྒྱུས་ཅན་གྱི་དགོན་པ་ཁག་དང་སྔོན་བྱོན་མཛད་རྗེས་ཅན་གྱི་གྲགས་ཅན་མི་སྣ་དང་། མཁར་དང་ས་གནས། དུར་ཁྲོད་དང་བང་སོ། རྡོ་རིང་དང་བྲག་ཕུག་སོགས་འདུས་པའི་དབུས་གཙང་ལོ་རྒྱུས་ཆེན་མོ་དངོས་སུ་སྤྱི་ཚོགས་ནང་འགྲེམས་སྤེལ་བྱས་སོང་། 
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་ཁང་གི་གོ་སྒྲིག་འོག་དྷ་སའི་བོད་ཀྱི་ནོར་བུ་གསོལ་མགྲོན་ཁང་དུ། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱིས་རྐང་འགན་འཁུར་ཏེ་རྩོམ་སྒྲིག་བྱས་པའི་པོད་གསུམ་ཅན་གྱི་དབུས་གཙང་ལོ་རྒྱུས་ཆེན་མོ་དངོས་སུ་དབུ་འབྱེད་གནང་བའི་མཛད་སྒོ་བསྡུས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་གཙོས་བོད་མི་མང་སྤྱི་འཐུས་ལས་ཟུར་དང་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས། དེ་བཞིན་དབུས་གཙང་ལོ་རྒྱུས་ཆེན་མོའི་རྩོམ་སྒྲིག་པ་དང་ཞུ་དག་པ་བཅས་འཛོམས་ཡོད་འདུག

མཛད་སྒོའི་ཐོག་མར་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བྱམས་པ་ཆོས་འཕེལ་ལགས་ནས་དབུས་གཙང་ལོ་རྒྱུས་ཆེན་མོའི་པར་སྐྲུན་གསལ་བཤད་སྒྲོག་སྦྱངས་དང་འབྲེལ། དབུས་གཙང་ལོ་རྒྱུས་ཆེན་མོ་དེ་ཉིད་ཐོག་མར་དགའ་ལྡན་ཕོ་བྲང་གི་མཐུན་འགྱུར་འོག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་གཙོས་རྩོམ་སྒྲིག་པ་ལྔས་རྩོམ་སྒྲིག་བྱས་པའི་དུས་རིམ་གཅིག་དང་། ཡང་དེ་ནས་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གིས་དགའ་ལྡན་ཕོ་བྲང་ནས་ལོ་རྒྱུས་ཆེན་མོའི་པར་སྐྲུན་བདག་དབང་ཞུས་རྗེས་ཀྱི་དུས་རིམ་བཅས་ལོ་ལྔའི་ནང་ལོ་རྒྱུས་རྩོམ་སྒྲིག་བྱས་ཡོད་པ་དང་། པར་སྐྲུན་གྱི་ཐད་ནས་ཀྱང་ཇི་ལྟར་སྐྱབས་འཇུག་ཞུས་པ་བཞིན་སྨན་པ་བློ་བཟང་ལགས་དང་སྐལ་བཟང་དོན་ལྡན་ལགས་རྣམ་གཉིས་ནས་ཧིན་སྒོར་འབུམ་ ༢༠ ཡི་མཐུན་འགྱུར་རོགས་རམ་གནང་ཡོད་སྐོར་བརྗོད་སོང་།

དེའི་རྗེས་དབུས་གཙང་ལོ་རྒྱུས་ཆེན་མོའི་རྩོམ་སྒྲིག་འགན་འཛིན་དང་གཙོ་འགན་རྩོམ་སྒྲིག་པ་གཙང་ཕྲུག་སྟོབས་ལགས་ནས་ལོ་རྒྱུས་རྩོམ་སྒྲིག་གི་བརྒྱུད་རིམ་དངོས་སྤྲོད་བྱས་དོན། བོད་ལ་དུས་འགྱུར་བྱུང་བའི་སྐབས་རྒྱ་ནག་གུང་ཁྲན་ཏང་གིས་ཡིག་ཆ་ཕལ་ཆེ་བ་རྩ་མེད་བཏང་ཡོད་པ་མ་ཟད། ལྷག་འཕྲོ་འགའ་ཡོད་པ་དེ་དག་ཁྲོད་ནས་ཀྱང་རྒྱ་ནག་གི་ཁེ་ཕན་དང་མཐུན་པའི་ཡིག་ཆ་འགའ་རེ་ལོ་ལྟར་འདོན་འགྲེམ་བྱས་པ་ལས། བོད་རང་བཙན་ཡིན་པའི་ལོ་རྒྱུས་དང་། རྒྱལ་བ་པཎ་ཆེན་གྱི་ལོ་རྒྱུས་ངོ་མ་རྣམས་སྦས་གསང་བྱས་ཡོད་པ་དང་། ལྷག་པར་དུ་ཡུལ་དུས་གནས་བབ་ཀྱི་དབང་གིས་ས་གནས་ས་ཐོག་ཏུ་བསྐྱོད་དེ་བཅར་འདྲི་སོགས་བྱེད་ཐབས་མེད་པ་ནི། ད་ཐེངས་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཞན་ཆ་ཞིག་ཏུ་གྱུར་ཡོད་སྐོར་དང་། དབུས་གཙང་ལོ་རྒྱུས་ཆེན་མོ་འདིའི་ཁུངས་བཅོལ་ས་གཙོ་བོ་དེ་ཏུན་ཧོང་གི་ཡིག་ཆ་ནས་ཕྱི་ལོ་ ༡༩༥༩ བར་གྱི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བླ་མའི་རྣམ་ཐར་སོགས་ལོ་རྒྱུས་དེབ་ཐེར་ཆ་ཚང་དང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་ནང་གཅེས་ཉར་བྱས་ཤིང་བོད་ནས་ཁྱེར་ཡོང་བའི་ཡིག་ཚགས་རིགས་དང་། ཕྱི་ལོ་ ༡༩༥༩ ལོའི་རྗེས་ཀྱི་བཙན་བྱོལ་དུ་ཕེབས་པའི་གནད་ཡོད་མི་སྣ་རྣམས་ཀྱི་ངག་རྒྱུན་ལོ་རྒྱུས་དང་། བོད་ནང་གི་གནད་ཡོད་མི་སྣ་དང་ས་གནས་ས་ཐོག་ཀྱི་ལོ་རྒྱུས་ཡིག་ཆ། གཞན་ཡང་རྒྱ་ནག་གཞུང་རང་གིས་བོད་བཙན་འཛུལ་མ་བྱས་གོང་དང་རིག་གནས་གསར་བརྗེའི་རྗེས་སུ་བྱས་པའི་སྤྱི་ཚོགས་ཞིབ་འཇུག་གི་ཡིག་ཚགས་རིགས་བཅས་ལ་ཁུངས་བཅོལ་ཡོད་པ་མ་ཟད། བཙན་བྱོལ་དུ་ཡོད་པའི་བོད་མི་བགྲེས་སོང་རྣམས་ལ་བཅར་འདྲི་ཡང་བྱས་ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས་མུ་མཐུད། ཕྱི་ལོ་ ༡༨༠༢ ཡས་མས་སུ་དབུས་གཙང་ཆོལ་ཁོངས་སུ་དགའ་ལྡན་ཕོ་བྲང་གི་སྲིད་འཛིན་ས་ཁུལ་ཕྱེ་བའི་རྫོང་གཞིས་ཆེ་ཆུང་ ༨༤ ཡོད་པའི་ཁྲོད་ནས། ད་ལན་དབུས་གཙང་ལོ་རྒྱུས་ཆེན་མོའི་ནང་རྫོང་གཞིས་ཆེ་ཁག་ ༥༣ ཡི་མིང་ཐོགས་དང་ས་བབ་ཆགས་ཚུལ། དེ་བཞིན། གཞུང་སྒེར་ཆོས་གསུམ་ས་ཞིང་བདག་ཐོག ཡུལ་སྡེ། མཚོ། སྐྱེ་དངོས། གཏེར་ཁ། གྲགས་ཆེན་མི་སྣ་སོགས་འཚོལ་བསྡུ་དང་ཞིབ་འཇུག་བྱས་ཡོད་པ་དང་། ད་ཐེངས་ལོ་རྒྱུས་དེབ་ཐེར་འདིར་དབུས་གཙང་ལོ་རྒྱུས་ཀྱི་སྤྱི་ཡོངས་ནས་སྒྲོམ་གཞི་བཏིང་བ་ཙམ་ལས་ཞིབ་ཕྲ་ཁོངས་སོ་སོའི་ངོས་ནས་ཁ་གསབ་བྱ་དགོས་སྐོར་བརྗོད་སོང་།

བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ནས་དབུས་གཙང་ལོ་རྒྱུས་ཆེན་མོའི་གླེགས་བམ་ཆེན་པོ་ཁག་གསུམ་ཞུ་དག་དང་ཞིབ་ཀློག་གནང་སྐབས། ལོ་རྒྱུས་ཀྱི་གླེགས་བམ་དེ་དག་ལ་དམིགས་བསམ་ཀྱི་ཁྱད་ཆོས་རིགས་བཞི་ཡོད་པ་མཐོང་སྣང་བྱུང་བའི་སྐོར་ལ། དང་པོ་ལོ་རྒྱུས་ཀྱི་གླེགས་བམ་དེ་དག་ནང་མཐོང་ཐོས་དཀོན་པའི་བོད་ཀྱི་ཐ་སྙད་དང་། བོད་གཞུང་གི་གཞུང་ཡིག་འགྲོ་ལུགས་སོགས་ལ་སློབ་སྦྱོང་བྱ་རྒྱུའི་རྒྱུ་ཆ་ཧ་ཅང་ཕུན་སུམ་ཚོགས་པ་ཡོད་པ་ཞིག་ཡིན་པ་དང་། སྒྲིག་སྟངས་ཀྱི་གོ་རིམ་ཐད་ནས་གཅིག་འགྱུར་དང་བརྗོད་བྱའི་ནང་དོན་ནི་ལེའུ་དང་གསལ་བྱེད། ལེ་ཚན་སོགས་སྤྱི་དང་བྱེ་བྲག་གི་རྣམ་དབྱེ་མ་འདྲེས་པར་ཡིག་ཚགས་ཉུང་ཉུང་ལ་ཁ་གསལ་གོ་བདེ་ཡིན་པས། ལྟ་ཀློག་བྱེད་མཁན་དང་ནང་དོན་འཚོལ་མཁན་རྣམས་ལ་ཧ་ཅང་སྟབས་བདེ་ཡིན་སྐོར་དང་།  དམིགས་བསལ་ཁྱད་ཆོས་གཉིས་པ་ནི་ས་ཁུལ་དང་རྫོང་སོ་སོའི་ལོ་རྒྱུས་ཞིབ་ཕྲ་འབྲི་བར་དམིགས་བསལ་གྱི་རྒྱུ་ཆ་མང་པོ་ཁུངས་འདོན་གནང་ཡོད་པ་དང་། སྒྲོམ་གཞི་དང་རྨང་གཞི་ཡག་པོ་བཏིང་ཡོད་པ་མ་ཟད། དཔྱད་ཞིབ་ཆེད་རྒྱུ་ཆ་ཧ་ཅང་མང་པོར་ལྟ་ཀློག་བྱས་པའི་ཁྲོད་རྒྱུ་ཆ་འདེམས་གསེས་ཞིབ་ཚགས་པོ་གནང་ཡོད་པ་དང་དེ་དག་གི་ཁྲོད་རྒྱུ་ཆ་ཁ་ཤས་ནི་ད་ལྟ་བར་དུ་བོད་ཀྱི་ལོ་རྒྱུས་ཐོག་བཀོད་སྤྱོད་བྱས་མྱོང་མེད་པའང་ཡོད་པ་དང་། ལྷག་པར་དུ་དཔྱད་རྩོམ་གྱི་འགྲོ་ལུགས་ལྟར་ཁུངས་ལུང་རྣམས་རྩོམ་པ་པོ་དང་བསྟན་བཅོས་ཀྱི་མཚན། དཔར་བསྐྲུན་ཁང་སོགས་གསལ་བོར་བཀོད་ཡོད་པས་ལོ་རྒྱུས་ཀྱི་གླེགས་བམ་དེ་ཁུངས་བཙན་པོ་དང་ཚད་ལྡན་ཡིན་པའི་ངོས་འཛིན་གྱི་ཁྱད་ཆོས་ལྡན་ཡོད་སྐོར། གསུམ་པ་གླེགས་བམ་གྱི་སྟོད་སྨད་བར་གསུམ་ནང་ས་ཁྲ་ཁག་བཅུ་གཅིག་བཀོད་པའི་ནང་དབུས་གཙང་གི་ཡུལ་ལུང་སྤྱི་དང་བྱེ་བྲག རི་ཆུ་མཚོ་གསུམ་གྱི་མིང་སྐད་ཡིག་གཞན་ཐོག་མིན་པར་བོད་ཡིག་ནང་ཆོས་ཅན་སྤུས་དག་ཏུ་བཀོད་པ་ནི་དམིགས་བསལ་གྱི་ཁྱད་ཆོས་ཡིན་པ་དང་། བཞི་པ་དཔྱད་ཞིབ་ཡིག་ཆ་ཁག་བོད་ཡིག་ཁོ་ན་ཙམ་མིན་པར་དབྱིན་ཡིག་དང་རྒྱ་ཡིག་སོགས་ཀྱི་ཐོག་ཡོད་པའི་རྒྱུ་ཆ་རྣམས་ཀྱང་ཕྱོགས་བསྡུས་བྱས་ཏེ་སྐད་ཡིག་སྣ་མང་གི་དཔྱད་ཞིབ་ཡིག་ཆ་དང་ལྡན་པ། གླེགས་བམ་གསུམ་པོའི་གཞུང་དངོས་ལ་ཤོག་གྲངས་ ༡༨༦༧ ཡོད་པ་དང་། གླེགས་བམ་སྟོད་ཆའི་ནང་ལུང་ཁུངས་མི་འདྲ་བ་ ༤༢༠ དང་བར་ཆ་ལ་ལུང་ཁུངས་ ༢༨༧ ། དེ་བཞིན། སྨད་ཆ་ལ་ལུང་ཁུངས་ ༡༨༦ བཅས་ཁྱོན་དཔྱད་ཞིབ་ཡིག་ཆ་གྲངས་ ༨༩༣ ལུང་འདྲེན་བྱས་ཡོད་པ་དང་། ལྷག་པར་དུ་ཁུངས་བཙན་པའི་བོད་གཞུང་གི་ཡིག་རྙིང་ངོས་བཤུས་གྲངས་ ༦༩ རྒྱུ་ཆར་བཀོད་ཡོད་པས། དབུས་གཙང་ལོ་རྒྱུས་ཆེན་མོ་དེ་ཁུངས་བཙན་པོ་དང་ཚད་ལྡན་གྱི་ལོ་རྒྱུས་ཤིག་ཡིན་སྐོར་སོགས་བརྗོད་སོང་།

ཡང་དབུས་གཙང་ལོ་རྒྱུས་ཆེན་མོ་དང་འབྲེལ་ནས་ཁོང་གིས་འབོད་སྐུལ་ཁག་ཅིག་ཞུས་དོན། དབུས་གཙང་ལོ་རྒྱུས་ཆེན་མོའི་ནང་གྲུབ་མཐའ་རིས་མེད་ཀྱི་ལོ་རྒྱུས་ཅན་གྱི་དགོན་པ་ཁག་ ༡༤༨༨ དང་སྔོན་བྱོན་མཛད་རྗེས་ཅན་གྱི་གྲགས་ཅན་མི་སྣ་ ༡༠༨༡ དང་།  མཁར་དང་ས་གནས། དུར་ཁྲོད་དང་བང་སོ། རྡོ་རིང་དང་བྲག་ཕུག་སོགས་གནའ་ཤུལ་གྲགས་ཅན་ ༨༠༢ ཀྱི་སྐོར་ཞིབ་ཕྲ་བཀོད་ཐུབ་མེད་ནང་། ནང་དོན་སྙིང་བསྡུས་རེའི་མིག་གི་ལམ་ནས་ངོ་སྤྲོད་གནང་འདུག དེའི་ཐོག་ནས་མ་འོངས་པར་དགོན་སྡེ་ཁག་གི་བྱུང་རབས་ལོ་རྒྱུས་ཁག་དང་གྲགས་ཅན་མི་སྣའི་རྣམ་ཐར། གནའ་ཤུལ་གྲགས་ཅན་གྱི་ངོ་སྤྲོད་སོགས་ཉམས་ཞིབ་ཀྱི་ལམ་ནས་ཁུངས་སོ་སོ་ནས་ཕྱོགས་སྒྲིག་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་འདུག ད་ལྟ་དབུས་གཙང་ཁུལ་གྱི་རྫོང་དང་ས་ཁུལ་སོ་སོའི་ལོ་རྒྱུས་ཞིབ་ཕྲ་ཁ་སྣོན་རྒྱས་བཤད་གནང་བདེ་པོའི་ཆེད་དུ་སྤྱི་ཁྱབ་ཀྱི་སྒྲོམ་གཞི་ཧ་ཅང་ལེགས་པོ་ཞིག་བཏིང་འདུག དེ་བས་འབྲེལ་ཡོད་ཁྱབ་ཁོངས་སོ་སོ་ནས་རང་དོན་རང་གཅེས་གནང་སྟེ་གང་ལྟར་ཞིབ་ཕྲའི་རྒྱས་བཤད་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་འདུག་ལ། ཕྱི་ལོ་ ༡༩༥༩ ཚུན་ཆད་ཀྱི་ལོ་རྒྱུས་ཁག་ལ་ད་ལྟ་རྒྱུས་ཡོད་མི་རབས་རྒན་པ་རྣམས་ལ་བཅར་འདྲི་སོགས་གནང་སྟེ་མ་འོངས་པར་ཁ་སྐོང་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་དབུས་གཙང་ལོ་རྒྱུས་ཞིབ་འཇུག་རྩོམ་སྒྲིག་དང་འབྲེལ་ནས་བཀའ་སློབ་གནང་སྐབས། དེ་རིང་གངས་ཅན་བོད་ཀྱི་དབུས་གཙང་ལྗོངས་ཀྱི་སྔོན་བྱུང་ལོ་རྒྱུས་ཀྱི་དེབ་ཐེར་རྨད་དུ་བྱུང་བ་གཅིག་གསར་དུ་རྩོམ་སྒྲིག་གནང་ནས། དེ་དབུ་འབྱེད་ཀྱིས་འདོན་སྤེལ་གནང་ཐུབ་པ་དེ་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་པ་རེད། གཙོ་བོ་རྩོམ་སྒྲིག་པ་རྣམ་པ་དང་ཞུ་དག་པ་རྣམ་པ། པར་སྐྲུན་ཐད་མཐུན་རྐྱེན་སྦྱོར་མཁན་གྱི་སྦྱིན་བདག་དང་། དེ་བཞིན་དེབ་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་གནང་མཁན་ཚང་མར་རྗེས་སུ་ཡི་རངས་དང་། གཟེངས་བསྟོད་བླ་མེད་ཞུ་རྒྱུ་ཡིན། ལས་དོན་ཆེན་པོ་ཞེ་པོ་ཞིག་བསྒྲུབས་གནང་བ་རེད། ཅེས་བསྟོད་བསྔགས་གནང་རྗེས། དབུས་གཙང་ལོ་རྒྱུས་ཆེན་མོ་འདི་ཉིད་དང་འབྲེལ་ནས་ཁོང་གིས། ༧གོང་ས་མཆོག་གིས་བོད་པའི་བྱུང་བ་རིག་པ་དེ་ཡར་རྒྱས་གཏོང་དགོས་པའི་སྐོར་ཡང་ཡང་བཀའ་སློབ་གནང་རྗེས། བར་ལམ་ཆོལ་ཁ་གསུམ་གྱི་བྱུང་རབས་ནང་ནས་ད་ལྟ་དངོས་སུ་མཇུག་བསྒྲིལ་ནས་པར་ལ་ཐོན་པ་དེ་རིང་དང་པོ་དེ་རེད། སྤྱིར་བོད་ཟེར་བ་དེ་མགོ་འཛུགས་ས་དབུས་གཙང་ནས་འཛུགས་དགོས་པ་ལྟ་བུ་རེད། དེའི་བྱུང་རིམ་དང་གཅིག་པ་བྱས་ཏེ། མི་རབས་དང་ཆབ་སྲིད། རིག་གནས་ཀྱི་བྱུང་རབས་དང་མཐུན་པ་བྱས་ནས་ཐོག་མར་བཏོན་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་། ཞེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད་གསུང་དོན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བྱུང་རབས་དང་འབྲེལ་བ་ཡོད་པའི་ས་གནས་གལ་ཆེ་བ་མང་ཤོས་དང་། དངོས་བྱུང་གི་གནས་ཚུལ་མང་ཤོས་དབུས་གཙང་གཉིས་ཀྱི་ནང་ཚུད་ཡོད་པ་དང་། དབུས་དང་གཙང་གཉིས་ནས་གཙང་ཟེར་བ་དེ་མདོ་དང་སྦུག་གཉིས་ལས་སྦུག་ལ་གོ་ཡི་ཡོད་སྐོར་དང་། གཙང་དང་མདོ་ཡི་བྱུང་རབས་ཚད་དང་ལྡན་པ་ཡོང་མ་ཡོང་དེ་དབུས་ཀྱི་བྱུང་རབས་ཚད་དང་ལྡན་པ་ཞིག་ཤེས་དང་མ་ཤེས་ལ་རག་ལས་ཡོད་སྐོར། ད་ཐེངས་ཀྱི་ལོ་རྒྱུས་དེབ་ཐེར་དེ་ཉིད་ཆ་ཚང་བ་ཞིག་ཆགས་ཡོད་པ་དང་། ཆ་ཚང་བ་ཟེར་བ་དེ་ཡང་རྒྱ་ཆེ་བ་དང་མ་ལུས་པ་ཞེས་གཉིས་ཡོད་པ་ལས་རྒྱ་ཆེ་བ་ཆགས་ཡོད་པ་དང་ལུས་པ་མེད་པ་ཡོང་རྒྱུ་ཁག་པོ་ཡིན་པར་བརྟེན། ཞིབ་ཚགས་པོ་དང་རྒྱ་ཆེན་པོ་བྱུང་བ་དེ་དངོས་གནས་རྗེས་སུ་ཡི་རངས་ཀྱི་གནས་ཤིག་ཆགས་ཡོད་སྐོར། དེ་བཞིན། དེབ་ཐེར་དེས་བོད་པའི་སྐྱེ་འགྲོ་ཡོངས་ལ་ཕན་ཐོགས་དང་། མ་འོངས་པར་མུ་མཐུད་བྱུང་བ་རིག་པའི་ཞན་ཆ་རྣམས་བཀང་ཐུབ་རྒྱུ་དང་། འབྱུང་འགྱུར་གྱི་མི་རབས་ཚོས་མུ་མཐུད་དེ་དག་ལ་ཉམས་ཞིབ་ཀྱིས་རིགས་གཅིག་རྐང་འཛིན་གྱི་ཐོག་ནས་རྩོམ་སྒྲིག་གནང་ཐུབ་པ་ཡིན་ན་ལེགས་པོ་ཡོད་པ་དང་། དེའི་ཆེད་དུ་དབུས་གཙང་ཚོགས་པའི་རྒྱུན་ལས་རིམ་བྱོན་གྱིས་ད་ལྟ་ཐུགས་སྣང་གནང་བ་བཞིན་མུ་མཐུད་ཕྱག་ལས་གནང་བ་ཡིན་ན་ཐུགས་ཕན་གསོས་པོ་ཡོང་གི་རེད་བསམ་གྱི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༠༤

Leave a Reply

One thought on “གླེགས་བམ་གསུམ་ཅན་གྱི་དབུས་གཙང་ལོ་རྒྱུས་ཆེན་མོ་དབུ་འབྱེད་གནང་།

  1. བུད་དབང་ངག་དབང་བྱང་ཆུབ།

    ད་ལམ་རང་ཅག་དབུས་གཙང་ཆོལ་ཁའི་ལོ་བརྒྱུད་གླེག་བམ་གསུམ་ཅན་ཞིག་འདོན་སྤེལ་གནང་བར་བཅོས་མིན་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་སྔོན་བོད་ཀྱི་རྒྱལ་རབ་རྒྱས་བསྡུས་སྣ་ཚོགས་ཞིག་ཡོད་ཀྱང་ཚང་མ་ཁ་ཐོར་ལྟ་བུར་གནས་ཡོད། ད་ལམ་དེང་དུས་དང་མཐུན་པའི་རྒྱལ་རབ་དང་། ས་གནས་སོ་སོའི་ཁ་གསལ་ངོ་སྤྲོད་ཡོད་ཐོགས་ས་ཀྲ་ཡང་གསལ་ཡོད་ལུགས་འཁོད་འདུག་པས་ཧ་ཅང་དགའ་སྤྲོ་ཆེན་པོ་བྱུང་བས་སླར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ནི་དེང་དུས་གཞིས་བཞུགས་གཞོན་སྐྱེས་ཚོར་འདི་འདྲ་ཞིག་དགོས་མཁོ་ཡོད་ལུགས་གསུང་མཁན་མང་དག་ཞིག་ཡོད་འདུག་ཀྱང་། འབད་བཙོན་བྱས་པ་མཐོང་ན་ཁྲིམ་རར་ཚུད་རྒྱུ་ལས་མེད། བཙན་བྱོལ་དུ་ཡོད་པའི་གཞོན་སྐྱེས་མང་པོ་ཞིག་ལ་ནི་དེ་ཙམ་དོ་སྣང་ཡོད་ཟོ་མ་མཐོང་བས་བོད་དབུས་གཙང་གི་ལོ་བརྒྱུད་འདི་བཞིན་རིམ་པས་གོ་འཚོར་མེད་པ་ཆག་སྲིད་པའི་སེམས་ཁྲལ་ནར་མར་ཡོད། རང་ཉིད་ནས་གང་དྲག་བསམ་པ་ཙམ་ལས་ཐབས་ཤེས་ཐུབ་ཡག་རྩ་བ་ནས་མི་འདུག ད་ལམ་གནས་ཚུལ་འདི་ཐོས་ཕྲལ་མི་རྒན་ག་དུས་འཆི་ཡང་འགྱོད་པ་མེད་པ་ལྟ་བུ་བྱུང་སོང་བས་ལས་དོན་འདིའི་ཕྱག་ལས་གནང་མཁན་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་གྲངས་མེད་ཞུ་ལགས་སོ།།