བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་དུས་ཡུན་ངེས་མེད་བར་གུང་གསེང་བཏང་།

དེ་རིང་ནས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་ནས་ཏོག་དབྱིབས་ནད་དུག་དང་འབྲེལ་སློབ་མ་དང་དགེ་ལས་ཚོའི་བདེ་འཇགས་སྔོན་སྲུང་སླད་དུས་ཡུན་ངེས་མེད་རིང་གུང་གསེང་བཏང་འདུག

དེ་རིང་བོད་ཕྲུག་ཁྱིམ་སྡེ་ཚུད་པའི་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཕལ་ཆེ་བའི་དགུན་དུས་གུང་གསེང་རྫོགས་ཏེ། སློབ་ཕྲུག་རྣམས་ཕྱིར་སློབ་གྲྭར་འབྱོར་བ་དང་བསྟུན། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་ནས་ད་ལྟ་ཏོག་དབྱིབས་ནད་དུག་འགོས་ཁྱབ་དུ་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་འོག  བོད་ཁྱིམ་གྱི་སློབ་མ་དང་དགེ་ལས་ཚོའི་བདེ་འཇགས་སླད་འཛིན་རིམ་ ༩ དང་ ༡༠ །  དེ་བཞིན་ ༡༢ བཅས་ཀྱི་སློབ་ཕྲུག་ཕུད་གཞན་རྣམས་ཀྱི་དགུན་དུས་གུང་གསེང་དུས་ངེས་མེད་བར་ཕར་འགྱངས་བྱས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་སུ་ཐག་གཅོད་དེ་གནང་དགོས་དོན་གང་ཡིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། བོད་ཕྲུག་ཁྱིམ་སྡེར་ཆ་བཞག་ན་སློབ་གྲྭ་འགྲིམ་བཞིན་པའི་བཙན་བྱོལ་བོད་མིའི་ཕྲུ་གུའི་གྲངས་འབོར་གྱི་ཕྱེད་ཀ་ལྷག་ང་ཚོ་ལ་ཡོད་པ་དང་། ད་ལྟ་ཏོག་དབྱིབས་ཀྱི་ན་ཚ་དེ་དྷ་རམ་ས་ལར་སླེབས་ཡོད་པའི་སྐད་ཆ་གང་ཡང་མ་རེད། ད་ལྟ་ང་ཚོས་འཛིན་གྲྭ་འཚོག་པ་ལས་ཕྲུ་གུའི་སྲོག་དེ་གལ་ཆེ་བ་ཡིན་སྟབས། གལ་ཏེ་ནད་ཡམས་དེ་ཁྱབ་བརྡལ་ཕྱིན་པ་ཡིན་ན། དྷ་སྟེང་བོད་ཁྱིམ་གཅིག་པུའི་ནང་ཕྲུ་གུ་ ༡༣༠༠ ལྷག་ཡོད་པ་དང་། བོད་ཁྱིམ་ཁྱོན་ཡོངས་ནང་ཕྲུ་གུ་ ༨༠༠༠ ལྷག་ཡོད་པས། དེ་དག་སྟངས་འཛིན་བྱེད་ཐུབ་ཐབས་ཡོད་པ་མ་རེད། དཔེ་མི་སྲིད་པའི་ཁག་པོ་ཆགས་ཀྱི་རེད། འཛིན་གྲྭ་འཚོག་བཞིན་པའི་སྐབས་ནད་ཡམས་ལྟ་བུ་སླེབས་ཏེ་ང་ཚོས་སྟངས་འཛིན་བྱེད་མ་ཐུབ། ཕ་མས་ཀྱང་ཕྲུ་གུ་ལེན་དུ་ཡོང་མ་ཐུབ་ན་དཀའ་ངལ་ཆེན་པོ་བཟོ་རྒྱུ་རེད། དེར་བརྟེན་ད་ཐེངས་ང་ཚོས་བརྟན་ཆ་རང་གི་ཆེད་མ་འདོད་བཞིན་དུ་ཐག་གཅོད་འདི་བླངས་པ་རེད། ཅེས་བརྗོད་བྱུང་། ཡང་ཁོང་གིས་འཛིམ་རིམ་ ༩ བར་འགྲོ་མཁན་ཚོ་སློབ་གྲྭར་སླེབས་མ་ཐག་ཏུ་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་མིང་ཐོ་འགོད་དགོས་པ་དང་། དེ་བཞིན་འཛིན་རིམ་ ༡༠ དང་ ༡༢ འགྲོ་མཁན་ཚོ་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་ཆེད་སློབ་ཁྲིད་དུས་ཐོག་ཚར་བ་བྱེད་དགོས་སྟབས། སློབ་གྲྭར་མ་ཡོང་ཐབས་མེད་ཆགས་ཡོད་སྐོར་བརྗོད་བྱུང་།

མ་སུ་རི་བོད་ཁྱིམ་གྱིས་དེའི་ཐད་ཐག་གཅོད་འདྲ་གནང་ཡོད་མེད་དེ་གའི་དྲུང་ཆེ་ཀརྨ་ཆུང་བདག་ལགས་སུ་དྲིས་པར་ཁོང་གིས། མ྄་སུ་རི་བོད་ཁྱིམ་སློབ་གྲྭས་སང་ཉིན་ནས་དངོས་སུ་སློབ་གྲྭ་མགོ་འཛུགས་བྱེད་ཀྱི་ཡོད་པ་རེད། བལ་ཡུལ་ནས་ཡོང་མཁན་སློབ་ཕྲུག་ཚང་མར་ཟླ་གཅིག་སྔོན་ནས་གཞུང་སྨན་ཁང་ནས་ཏོག་དབྱིབས་ནད་དུག་ཕོག་མེད་པའི་ལག་འཁྱེར་དགོས་པའི་བརྡ་ཁྱབ་བཏང་ཡོད། སློབ་ཕྲུག་གཞན་རྣམས་ལ་འགྲིམ་འགྲུལ་གྱི་ལོ་རྒྱུས་རྒྱུས་ལོན་ཆེད་འགེངས་ཤོག་དགང་དགོས་ཀྱི་ཡོད་པ་རེད། དོགས་ཡོད་སློབ་ཕྲུག་ལ་སྨན་ཁང་ནང་ཟུར་དུ་སྡོད་གནས་གྲ་སྒྲིག་བྱས་ཏེ་ལྟ་རྟོག་བྱ་འཆར་ཡོད་ནའང་། གནས་ཚུལ་དེ་འདྲ་ཕལ་ཆེར་ཡོང་གི་མ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

དེ་བཞིན་སམ་བྷོ་ཊའི་སྤྱི་ཁབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་ནས་འདི་གའི་གསར་འགོད་པར། བོད་ཁྱིམ་སློབ་གྲྭས་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་མི་འགྲོ་བའི་ཆེད་དུ། སློབ་གྲྭ་གནས་སྐབས་རིང་སྒོ་རྒྱག་གི་ཡོད་པའི་གནས་ཚུལ་དེ་ད་ལྟ་རང་གོ་ཐོས་བྱུང་བ་དང་། ད་ལྟའི་ཆར་དེའི་ཐད་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ལ་དམིགས་བསལ་གྱི་ཐག་གཅོད་གང་ཡང་བྱུང་མེད་པ་དང་། མི་འགྱངས་བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་འབྲེལ་བ་བྱས་ཏེ་དེའི་ཐད་ཚོགས་འདུ་ཞིག་འཚོག་འཆར་ཡོད་སྐོར་བརྗོད་བྱུང་།

ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་དུག་ཕོག་པའི་མི་གྲངས་ ༥ ཟིན་ཡོད་པ་དང་། བལ་ཡུལ་ནང་ནད་ཐག་ཆོད་པའི་མི་གྲངས་ ༡ ལས་བྱུང་མེད་པ་རེད། ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གར་གྱི་ཨུ་ཏར་མངའ་སྡེའི་ (Uttar Pradesh) ནཱོ་དྷ་ (Noida) ཁུལ་དུ་སློབ་ཕྲུག་གཉིས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་གཏན་འཁེལ་བྱུང་བར་བརྟེན། ཁུལ་དེའི་སློབ་གྲྭ་གཉིས་ཀྱིས་ཉིན་གསུམ་རིང་ནད་དུག་གཞན་ལ་འགོས་ཁྱབ་མི་འགྲོ་བ་དང་དུག་སེལ་ཆེད་སྒོ་བརྒྱབ་ཡོད་པ་མ་ཟད། དབུས་སའི་གཞུང་གིས་མི་མང་གི་འདུ་འཛོམས་རིགས་ཉུང་འཕྲི་བྱེད་དགོས་པའི་ལམ་སྟོན་ཡོངས་ཁྱབ་ཏུ་བཏང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༠༤

Leave a Reply

3 thoughts on “བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་དུས་ཡུན་ངེས་མེད་བར་གུང་གསེང་བཏང་།

  1. ༢༠༢༠ ཟླ་ ༣ ཚེས་ ༣ ཉིན་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་དུས་ཡུན་ངེས་མེད་གུང་སེང་བཏང་བའི་ཐད་ཚིག་རེ་གཉིས་ཞུ་འདོད་བྱུང་། མ་སུ་རི་བོད་ཁྱིམ་སློབ་གྲྭ་དངོས་སུ་མགོ་འཛུགས་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་ནས་ཡོང་མཁན་སློབ་ཕྲུག་ཚང་མར་ཟླ་གཅིག་སྔོན་ནས་གཞུང་སྨན་ཁང་ནས་ཏོག་དབྱིབས་ནད་དུག་ཕོག་མེད་པའི་ལག་འཁྱེར་དགོས་པའི་བརྡ་ཁྱབ་བཏང་ཡོད་པ། སློབ་ཕྲུག་གཞན་རྣམས་ལ་འགྲིམ་འགྲུལ་གྱི་ལོ་རྒྱུས་རྒྱུས་ལོན་ཆེད་འགེངས་ཤོག་དགང་དགོས་ཀྱི་ཡོད་པ། དོགས་ཡོད་སློབ་ཕྲུག་ལ་སྨན་ཁང་ནང་ཟུར་དུ་སྡོད་གནས་གྲ་སྒྲིག་བྱས་ཏེ་ལྟ་རྟོག་བྱ་འཆར་ཡོད་པ་བཅས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ཀརྨ་ཆུང་བདག་ལགས་ཀྱིས་བཀའ་མོལ་ཡག་པོ་གནང་འདུག འཛིན་སྐྱོང་གིས་སློབ་གྲྭར་འགན་ཚད་ལྡན་ཞིག་ཁུར་འདུག་པར་བཀའ་དྲིན་ཆེ།

    བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་ཐག་གཅོད་དེ་གནང་དགོས་དོན་གང་ཡིན་སྐོར་གསུང་བར་རྒྱུ་མཚན་ཡོད་པ་རེད། ཐུགས་རྗེ་ཆེ་ཞུ་གི་ཡོད་དེ། དེ་འདྲའི་དོགས་ཟོན་བྱེད་རྒྱུ་ཡིན་ན། ཟླ་གཅིག་གི་སྔོན་ནས་བརྡ་ཁྱབ་མ་བཏང་བ་དེ་གནད་དོན་ཆེན་པོ་ཞིག་རེད། ཕྱོགས་གང་ས་གང་ནས་རྡ་སར་འདུས་ཚར་བ་དང་། སློབ་ཕྲུག་ཚང་མ་སློབ་གྲྭར་འཛོམས་ཟིན་པའི་རྗེས་སུ་སློབ་གྲྭ་འཚོགས་རྒྱུ་འགྱུར་བ་བཏང་བ་དེ་ཧ་ལས་པའི་ཐབས་སྐྱོ་བོ་རེད། གལ་སྲིད་སློབ་ཕྲུག་གཅིག་ལ་ནད་ཡོད་པའི་དབང་དུ་བཏང་ན། འགོས་རྒྱུའི་གོ་སྐབས་དེ་སྤྲད་ཟིན་པས་འདི་སློབ་གྲྭའི་དབུ་འཛིན་ཞིག་གིས་བྱེད་སྟངས་རྩ་བ་ཉིད་ནས་མ་རེད། ཕྱག་ལས་གནང་སྟངས་རྫོབ་ཆེན་ཞིག་རེད་ཅེས་བརྗོད་འདོད་བྱུང་།

  2. འདི་ནི་སྐུ་ངོ་ཚོས་སློབ་ཕྲུག་གི་ལ་འགན་མ་ཁུར་བའི་བྱེད་སྟངས་ཤིག་རེད། འཐུས་ཤོར་ནི་འདི་ལྟར་བཏང་བ་རེད། འདི་ཚང་མས་ཤེས་དགོས། ཤེས་རིག་ལས་ཁུངས་ཀྱིས་ཀྱང་འདིའི་ཐད་ཁ་གྲགས་ན་བཟང་།

  3. ཞོར་འཕྲོས་སུ་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་ཐག་གཅོད་དེ་གནང་དགོས་དོན་གང་ཡིན་སྐོར་བར་རྒྱུ་མཚན་ཡོད་པ་རེད་དེ། དེ་འདྲའི་དོགས་ཟོན་བྱེད་རྒྱུ་ཡིན་ན། ཟླ་གཅིག་གི་སྔོན་ནས་བརྡ་ཁྱབ་མ་བཏང་བ་དེ་གནད་དོན་ཆེན་པོ་ཞིག་རེད། ཕྱོགས་གང་ས་གང་ནས་རྡ་སར་འདུས་ཚར་བ་དང་། སློབ་ཕྲུག་ཚང་མ་སློབ་གྲྭར་འཛོམས་ཟིན་པའི་རྗེས་སུ་སློབ་གྲྭ་འཚོགས་རྒྱུ་འགྱུར་བ་བཏང་བ་དེ་ཧ་ལས་པའི་ཐབས་སྐྱོ་བོ་རེད། གལ་སློབ་ཕྲུག་ཅིག་ལ་ནད་ཡོད་པའི་དབང་དུ་བཏང་ན། འགོས་རྒྱུའི་གོ་སྐབས་དེ་སྤྲད་ཟིན་པས་འདི་སློབ་གྲྭའི་དབུ་འཛིན་ཞིག་ལ་མཚོན་ན་ཕྱག་ལས་གནང་སྟངས་ཚད་ལྡན་ཞིག་རྩ་བ་ཉིད་ནས་མ་རེད་མ་སུ་རི་བོད་ཁྱིམ་སློབ་གྲྭས་དངོས་སུ་སློབ་གྲྭ་མགོ་འཛུགས་བྱེད་ཀྱི་ཡོད་པ་དང་། བལ་ཡུལ་ནས་ཡོང་མཁན་སློབ་ཕྲུག་ཚང་མར་ཟླ་གཅིག་སྔོན་ནས་གཞུང་སྨན་ཁང་ནས་ཏོག་དབྱིབས་ནད་དུག་ཕོག་མེད་པའི་ལག་འཁྱེར་དགོས་པའི་བརྡ་ཁྱབ་བཏང་ཡོད་པ། སློབ་ཕྲུག་གཞན་རྣམས་ལ་འགྲིམ་འགྲུལ་གྱི་ལོ་རྒྱུས་རྒྱུས་ལོན་ཆེད་འགེངས་ཤོག་དགང་དགོས་ཀྱི་ཡོད་པ། དོགས་ཡོད་སློབ་ཕྲུག་ལ་སྨན་ཁང་ནང་ཟུར་དུ་སྡོད་གནས་གྲ་སྒྲིག་བྱས་ཏེ་ལྟ་རྟོག་བྱ་འཆར་ཡོད་པ་བཅས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ཀརྨ་ཆུང་བདག་ལགས་ཀྱིས་བཀའ་མོལ་ཡག་པོ་གནང་འདུག འཛིན་སྐྱོང་གིས་སློབ་གྲྭར་འགན་ཚད་ལྡན་ཞིག་ཁུར་འདུག་པར་བཀའ་དྲིན་ཆེ།

    ཞོར་འཕྲོས་སུ་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་ཐག་གཅོད་དེ་གནང་དགོས་དོན་གང་ཡིན་སྐོར་གསུང་བར་རྒྱུ་མཚན་ཡོད་པ་རེད་དེ། དེ་འདྲའི་དོགས་ཟོན་བྱེད་རྒྱུ་ཡིན་ན། ཟླ་གཅིག་གི་སྔོན་ནས་བརྡ་ཁྱབ་མ་བཏང་བ་དེ་གནད་དོན་ཆེན་པོ་ཞིག་རེད། ཕྱོགས་གང་ས་གང་ནས་རྡ་སར་འདུས་ཚར་བ་དང་། སློབ་ཕྲུག་ཚང་མ་སློབ་གྲྭར་འཛོམས་ཟིན་པའི་རྗེས་སུ་སློབ་གྲྭ་འཚོགས་རྒྱུ་འགྱུར་བ་བཏང་བ་དེ་ཧ་ལས་པའི་ཐབས་སྐྱོ་བོ་རེད། གལ་སྲིད་སློབ་ཕྲུག་ཅིག་ལ་ནད་ཡོད་པའི་དབང་དུ་བཏང་ན། འགོས་རྒྱུའི་གོ་སྐབས་དེ་སྤྲད་ཟིན་པས་འདི་སློབ་གྲྭའི་དབུ་འཛིན་ཞིག་གིས་བྱེད་སྟངས་རྩ་བ་ཉིད་ནས་མ་རེད། ཕྱག་ལས་གནང་སྟངས་རྫོབ་ཆེན་ཞིག་རེད་ཅེས་བརྗོད་འདོད་བྱུང་།