སྡེ་བ་རེ་རེ་བྱས་ཏེ་མི་མང་གི་སྐད་འཕྲིན་ལ་ཞིབ་བཤེར་བྱས།

རྒྱ་ནག་གཞུང་གིས་མཚོ་སྔོན་མང་རྫོང་སོགས་ནས་དོགས་ཡོད་སྐད་འཕྲིན་ཚོགས་པ་ ༢༩༨ ཐོ་འགོད་དང་སྐད་འཕྲིན་ཚོགས་པ་ ༧༥ མེད་པ་བཟོས་པ་དང་། དེ་མིན་གྱི་སྐད་འཕྲིན་ཚོགས་པ་ ༢༢༣ ལྷག་ལ་ལྟ་རྟོག་དང་ཉར་འཇོག་བྱས་ཡོད་ལུགས་བསྒྲགས་འདུགཉེ་སྔོན་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་འགོས་ནད་ཁྱབ་བརྡལ་ཕྱིན་པ་དང་བསྟུན། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་ལམ་ལ་དམ་དྲག་དང་སྐད་འཕྲིན་ཚོགས་པ་ཁག་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག  རྒྱ་ནག་གཞུང་ཕྱོགས་ནས་སྤེལ་བའི་གནས་ཚུལ་ནང་། ཁ་སང་ཕྱི་ཚེས་ ༣ ཉིན།  མཚོ་སྔོན་མང་རྫོང་སོགས་ཀྱི་སྡེ་བ་ ༡༦ དང་དགོན་སྡེ་ ༥ ཡི་མི་མང་གི་སྐད་འཕྲིན་ལ་ཞིབ་བཤེར་གྱིས། དོགས་གཞི་ཅན་གྱི་སྐད་འཕྲིན་ཚོགས་པ་ ༢༩༨ ཐོ་འགོད་དང་སྐད་འཕྲིན་ཚོགས་པ་ ༧༥ ཡུལ་དངོས་སུ་མེད་པ་བཟོས་པ། དེ་མིན་སྐད་འཕྲིན་ཚོགས་པ་ ༢༢༣ ལྷག་ལ་ལྟ་རྟོག་དང་ཉར་འཇོག་བྱས་ཡོད་པ་དང་། སྐད་འཕྲིན་ཚོགས་པ་ཁག་གི་ཚོགས་གཙོ་ཚོས་དཀྲོག་གཏམ་མི་ཤོད་པ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་མི་བཟོ་བའི་དཔང་ཡིག་མིང་རྟགས་ ༢༢༣ བརྒྱབ་ཡོད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་འབྲེལ་ཡོད་ཅིག་ལ་དེ་འབྲེལ་གནས་ཚུལ་དྲིས་པར། སྤྱིར་ན་དྲ་རྒྱའི་གནས་སྟངས་ཐད་དམ་དྲག་ཡོད་ཡོད་པ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་ཡོངས་ཁྱབ་ངང་མི་མང་གི་སྐད་འཕྲིན་སོགས་ལ་ཞིབ་བཤེར་བྱེད་བཞིན་པ་གོ་ཐོས་བྱུང་ཡང་། སྤྱི་ཡོངས་ནས་དྲ་རྒྱའི་དམ་དྲག་ཧ་ལས་པ་ཡོད་པ་རེད། ཕྱོགས་གཅིག་ནས་བསམ་ན་ཏོག་དབྱིབས་འགོས་ནད་དང་འབྲེལ་མི་མང་ཁྲོད་རྒྱ་ནག་གི་གསར་འགྱུར་ཁག་ལ་བདེན་པ་མེད་པའི་གནས་ཚུལ་ཞིག་ཡོང་བཞིན་ཡོད་པས། ཕྱི་ལོག་གི་གསར་འགྱུར་དང་སྒྲ་བརྙན་སོགས་ལ་ལྟ་འདོད་ཀྱི་ཉེར་ལེན་ཡིན་པ་དང་། མ་གཞི་གནད་དོན་ཆེན་པོ་འདི་ལྟ་བུའི་སྐབས་སུ་བོད་མི་ཚོས་ཡིད་གཟབ་དགོས་པ་གལ་ཆེན་པོ་ཡིན་པ་ལས། དེ་ཚང་ལ་སྙིང་རྗེ་ཅུང་ཙམ་ཡང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཡང་དེ་འབྲེལ་གྱི་གཞུང་ཕྱོགས་གནས་ཚུལ་ནང་། མང་རྫོང་སུམ་མདོ་གྲོང་རྡལ་གྱིས་རྒྱ་ནག་གཞུང་གི་ཆབ་སྲིད་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་ཆེད། གྲོང་རྡལ་ཡོངས་ཀྱི་འགན་གཙང་ལེན་རུ་ཁག་གི་འགོ་ཁྲིད་དང་མངག་གཏོང་ཁང་གི་ལས་བྱེད་ཉེན་རྟོག་པ། སྡེ་བའི་ཉེན་རྟོག་པ། དྲ་མིག་རྟོག་ཞིབ་པ་སོགས་མཉམ་འབྲེལ་གྱིས། སྡེ་བ་ཁག་གི་མང་ཚོགས་ཀྱི་ལག་ཐོགས་ཁ་པར་གྱི་སྐད་འཕྲིན་ཚོགས་པར་ཞིབ་བཤེར་དང་། ཆ་འཕྲིན་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་ནན་མོ་བྱས་ཡོད་སྐོར་བརྗོད་འདུགཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༢༢ ཉིན་མང་རྫོང་ཉེན་རྟོག་པས་སྐད་འཕྲིན་ཚོགས་པའི་ནང་གནས་ཚུལ་རྫུན་མ་དང་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག སྐད་འཕྲིན་ཚོགས་གཙོ་གསུམ་འཛིན་བཟུང་ཉེན་ཆད་བཅད་ཡོད་པ་དང་། སྐབས་དེར་དེ་འབྲེལ་གནས་ཚུལ་ནང་བོད་མི་དེ་དག་གིས་བཙུགས་པའི་ཚོགས་པའི་ནང་གནས་ཚུལ་རྫུན་མ་དང་དཀྲོག་གཏམ་ག་རེ་སྤེལ་མིན་གྱི་གནས་ཚུལ་གསལ་ཁ་གང་ཡང་མེད་པ་དང་། འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ད་ལྟའི་ཆར་བོད་མིའི་གསུམ་བཅུའི་དུས་དྲན་དང་བུད་མེད་སྒེར་ལངས་ཉིན་མོ་སོགས་ཚེས་ལ་ཉེ་སྟབས། རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་ཀྱི་མི་མང་གི་གནས་སྟངས་ཐད་ལྟ་རྟོག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་དམག་མི་འབོར་ཆེན་གཏོང་གི་ཡོད་པ་དང་། སྐད་འཕྲིན་དང་སྤྱི་ཚོགས་དྲ་ལམ་མང་པོར་བརྡ་བཏང་ནས་ཚོགས་པ་ཁག་སྒོ་རྒྱག་ཏུ་འཇུག་གི་ཡོད་འདུག

སྤྱིར་རྒྱ་ནག་གཞུང་གིས་གནད་དོན་ཆེན་པོ་རིགས་བྱུང་སྐབས་སྤྱི་ཚོགས་དྲ་ལམ་ལ་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། ཉེ་སྔོན་ནས་རྒྱ་ནག་གཞུང་གིས་དར་ཁྱབ་ཆེ་བའི་སྐད་འཕྲིན་དང་ཝེ་པོ་སོགས་སྤྱི་ཚོགས་དྲ་ལམ་ཁག་ནང་རྒྱ་ནག་གི་ཏོག་དབྱིབས་འགོས་ནད་ཀྱི་མིང་ནག་བསུབ་བཏང་སྟེ། མི་མང་གིས་འཚོལ་བཤེར་དང་ཕན་ཚུན་གཏོང་མི་ཐུབ་པ་བྱས་ཡོད་པ་མ་ཟད། དེ་འབྲེལ་གྱི་གནས་ཚུལ་སྟོང་ཕྲག་མང་པོ་བཀག་འགོག་དང་བསུབ་ཡོད་འདུག དབྱིན་ཡུལ་གྱི་དྲ་ལམ་ཉམས་ཞིབ་ཁང་ཞིག་གིས་བརྟག་དཔྱད་བྱས་ཏེ་བསྒྲགས་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་མི་སེར་ཚོའི་སྒེར་གྱི་དྲ་ཁུངས་རིགས་དང་། ཏོག་དབྱིབས་འགོས་ནད་དང་འབྲེལ་བའི་དྲ་གནས་མང་པོ་བཀག་ཡོད་པ་མ་ཟད། ཏོག་དབྱིབས་འགོས་ནད་དང་འབྲེལ་བའི་མིང་ཚིག་ ༡༣༢ ལྷག་འཚོལ་བཤེར་བཀག་འགོག་བྱས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༠༤

Leave a Reply