རྒྱ་གར་ནང་ཏོག་དབྱིབས་འགོས་ནད་ཅན་ ༢༨ ཐོན་འདུག

ཝུ་ཧན་གྱི་ཏོག་དབྱིབས་འགོས་ནད་ཁྱབ་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་པ་ལྷོ་ཀོ་རི་ཡའི་ཡེ་ཤུ་ཆོས་ཚོགས་ཤིག་གི་ཚོགས་མི་ ༤༠༠༠ ལྷག་ལ་འགོས་ནད་དེ་ཕོག་རྐྱེན་ཆོས་ཚོགས་དེའི་འགན་འཛིན་གྱིས་མི་མང་ལ་དགོངས་སེལ་ཞུས། དེ་རིང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཆེད་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་རྒྱ་ནག་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་འགོས་ནད་ད་ལྟ་འཛམ་གླིང་རྒྱལ་ཁབ་ ༦༠ ཙམ་ནང་ཁྱབ་སྟེ། འཛམ་གླིང་མི་མང་གི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ཆགས་ཡོད་སྐོར་ཡོངས་བསྒྲགས་གནང་འདུག་ལ། སྒྲིག་འཛུགས་དེའི་གྲངས་འབོར་ལྟར་ན། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་ཉུང་མཐར་མི་གྲངས་ ༩༡༣༠༠ ལ་འགོས་ནད་དེ་བྱུང་ཡོད་པ་དང་། མི་ ༣༡༡༠ རྐྱེན་འདས་སུ་ཕྱིན་ཡོད་པ་ལས། མི་གྲངས་ ༢༠༣༦ རྒྱ་རིགས་ཆགས་པ་དང་། ཏོག་དབྱིབས་འགོས་ནད་ཀྱི་་གནས་སྟངས་ཧ་ཅང་ཚབས་ཆེན་དང་ཉེན་ཁ་ཅན་དུ་གྱུར་ཡོད་པ་མ་ཟད། འཛམ་གླིང་འདི་སྔར་བྱུང་མྱོང་མེད་པའི་གནས་སྟངས་ཤིག་གི་འོག་ལྷུང་ཡོད་སྐོར་བརྗོད་འདུག་པ་ལྟར།  དེ་རིང་འཛམ་གླིང་དངུལ་ཁང་གིས། ཡར་ཐོན་ཅན་དུ་འགྱུར་བཞིན་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་གི་ཛ་དྲག་གནས་སྟངས་སྲུང་སྐྱོབ་སླད་ཨ་སྒོར་ཐེར་འབུམ་ ༡༢ ཀྱི་རོགས་དངུལ་གནང་རྒྱུ་ཡིན་སྐོར་ཡོངས་བསྒྲགས་བྱས་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལྟར་ན། ད་ལྟ་འཛམ་གླིང་རྒྱལ་ཁབ་གཞན་གྱི་ནང་ཏོག་དབྱིབས་འགོས་ནད་ཁྱབ་བརྡལ་འགྲོ་བཞིན་པའི་ཚད་གཞི་ནི་རྒྱ་ནག་ལས་ཀྱང་ལྡབ་ ༩ ཚབས་ཆེ་བ་ཡོད་སྟབས།  འཛམ་གླིང་དངུལ་ཁང་གི་འགན་འཛིན་མལ་པཱ་སི་ (David Malpass) ལགས་ཀྱིས། དངུལ་ཁང་དེས་ཏོག་དབྱིབས་འགོས་ནད་འགོག་ཐབས་བྱེད་བཞིན་ཡོད་པ་ལྟར། རྒྱལ་སྤྱིའི་སྟེང་གི་སྐྱོ་ཤོས་དང་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཁག་ལ་རོགས་དངུལ་བགོ་འགྲེམ་བྱས་ཏེ། ཏོག་དབྱིབས་འགོས་ནད་འགོག་སྲུང་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བརྗོད་འདུགདེ་རིང་རྒྱ་གར་འཕྲོད་བསྟེན་བློན་ཆེན་པིར་ག་ཤཱི་ (Prakash Javadekar) ལགས་ཀྱིས། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་འགོས་ནད་ཕོག་པའི་མི་གྲངས་ ༢༨ ཡོད་པ་དང་། རྒྱ་གར་གཞུང་ནས་འགོག་སྲུང་ཆེད་གཟབ་ནན་བྱེད་བཞིན་ཡོད་པ་དང་། སྲིད་བློན་མུ་དྷི་མཆོག་ནས་ཉིན་རྒྱུན་འགོས་ནད་ཀྱི་གནས་སྟངས་ལ་ལྟ་ཞིབ་གནང་གི་ཡོད། ཅེས་བརྗོད་འདུག་པ་དང་། ནད་པ་དེ་དག་གི་ཁྲོད་ནས་མི་ ༡༦ ནི་ཨི་ཊ་ལི་ནས་ཡོང་བའི་ཡུལ་སྐོར་བ་ཡིན་པ་དང་། གཞན་མི་ ༡ ལྡི་ལི་དང་མི་ ༦ ཨག་རཱ། མངའ་སྡེ་གསར་པ་ཊི་ལིན་གྷ་ནཱ་(Telangana)ནས་ཁ་ལོ་བ་གཅིག གཞན་གསུམ་ནི་ཀེ་རཱ་ལའི་ནས་ཡིན་པ་དང་། ད་ལྟ་ལྟ་ཞིབ་འོག་མི་གྲངས་ ༢༧༠༠༠ ཙམ་ཡོད་སྐོར་བརྗོད་འདུག

དེ་རིང་གི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་སྟེང་ཏོག་དབྱིབས་འགོས་ནད་ཁྱབ་བརྡལ་ཉེན་ཚབས་ཆེ་ཤོས་སུ་གྱུར་བའི་རྒྱལ་ཁབ་ཁག་ནི། ལྷོ་ཀོ་རི་ཡ་དང་། ཨི་རན། ཨི་ཊ་ལི། ཉི་ཧོང་། ཧྥ་རན་སི་བཅས་ཆགས་འདུག་པ་དང་། ལྷོ་ཀོ་རི་ཡའི་ནང་འགོས་ནད་ཕོག་པའི་ནད་པ་ཁྱོན་ ༥༦༡༢ ལྷག་དང་རྐྱེན་འདས་སུ་ཕྱིན་པ་ ༣༣ དང་། ཨི་རན་ནང་ནད་པ་ ༢༣༣༣ དང་། མི་ ༧༩ རྐྱེན་འདས། ཨི་ཊ་ལི་ནང་ནད་པ་ ༢༠༣༦ དང་མི་ ༧༩ རྐྱེན་འདས། དེ་བཞིན། ཉི་ཧོང་ནང་ནད་པ་ ༩༩༡ དང་། མི་ ༡༢ རྐྱེན་འདས། ཧྥ་རན་སིའི་ནང་ནད་པ་ ༢༡༢ དང་མི་ ༤ རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ། ད་ལྟ་རྒྱ་ནག་ཕྱི་ཕྱོགས་ཀྱི་ནད་པ་དང་འདས་གྲོངས་སུ་འགྲོ་ཡི་ཡོད་པའི་གྲངས་འབོར་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་ཡི་འདུག

ཁ་སང་ཕྱི་ཚེས་ ༣ ཉིན་་ལྷོ་ཀོ་རི་ཡའི་གཞུང་གིས་ཏོག་དབྱིབས་འགོས་ནད་ཐོག་རྒྱལ་ཡོངས་ནས་འགོག་བཅོས་འཐབ་རྒོལ་བྱེད་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་བྱས་རྗེས། རྒྱལ་ཁབ་ཀྱི་འཕྲོད་བསྟེན་ལས་བྱེད་ཡོངས་ནས་སྤྱི་སྤྱོད་རླངས་འཁོར་ས་ཚུགས་དང་གནམ་ཐང་། དེ་བཞིན། མེ་འཁོར་འབབ་ཚུགས་སོགས་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཁག་ཏུ་ནད་འབུ་སྔོན་འགོག་གི་སྨན་ཆུ་གཏོར་བ་དང་། མི་མང་གི་འགྲིམ་འགྲུལ་སོགས་ལ་སྟངས་འཛིན་བྱས་ཏེ། ཏོག་དབྱིབས་འགོས་ནད་ཁྱབ་བརྡལ་དུ་འགྲོ་བར་འགོག་བཅོས་བྱེད་བཞིན་ཡོད་འདུགལྷོ་ཀོ་རི་ཡའི་ཏོག་དབྱིབས་འགོས་ནད་ཕོག་མཁན་ ༥༦༡༢ ལྷག་ལས་ནད་པ་ ༤༠༠༠ ལྷག་ནི་ཡུལ་དེའི་ཡེ་ཤུ་ཆོས་ཚོགས་(Shincheonji Church of Jesus)ཀྱི་ཚོགས་མི་ཡིན་སྟབས། ཕྱི་ཚེས་ ༢ ཉིན་ཆོས་ཚོགས་དེའི་འགན་འཛིན་ལི་མན་ཧེ་(Lee Man-hee)ལགས་ཀྱིས་པུས་མོ་གཉིས་ས་ལ་བཙུགས་ཏེ། ལྷོ་ཀོ་རི་ཡའི་མི་མང་ཡོངས་ལ་དགོངས་སེལ་ཞུས་ཡོད་པ་དང་། ཉེན་རྟོག་ཕྱོགས་ནས་ལི་མན་ཧེ་ཡིས་ཉེན་ཚབས་ཆེ་བའི་ནད་ཡམས་སྣང་མེད་བཏང་བར་ཉེས་ཆད་གཅོད་སྲིད་སྐོར་བརྗོད་འདུག

དེ་བཞིན། ཕྱི་ཚེས་ ༢ ཉིན་ནས་ཨི་རན་འཕྲོད་བསྟེན་བློན་ཆེན་ལྷན་ཁང་གིས་རྒྱལ་ཡོངས་འཕྲོད་བསྟེན་ཆེད་མཁས་པ་དང་སྨན་ཞབས་སོགས་ཁྱོན་མི་གྲངས་འབུམ་ ༣ འགྲེམ་འཇོག་གིས་ཏོག་དབྱིབས་འགོས་ནད་འགོག་བཅོས་ཀྱི་བྱ་བ་མགོ་བརྩམས་ཡོད་པ་དང་། ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ (Shinzo Abe) ལགས་ཀྱིས་ཏོག་དབྱིབས་འགོས་ནད་འགོག་བཅོས་སླད་ཨ་སྒོར་ས་ཡ་ ༢༧༠ བཏང་སྟེ་ཏོག་དབྱིབས་འགོས་ནད་རྩ་མེད་བཟོ་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཕྱི་ཚེས་ ༡ ཉིན་ནས་ཡུལ་དེའི་ (Nippon)རྟགས་ཅན་གཙོས་པའི་གནམ་གྲུ་ཚང་མ་བདུན་ཕྲག་ ༢ ཙམ་རིང་རྒྱལ་ནང་དུ་འཕུར་སྐྱོད་མཚམས་བཞག དེ་བཞིན་ཡུལ་དེའི་བཙོན་པ་ཁྱོན་ ༥༤༠༠༠ ལ྄ྷག་བཙོན་གྲོལ་བཏང་ཡོད་འདུགའཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་འགོས་ནད་འགོག་སྲུང་གི་ལས་དོན་བྱེད་མཁན་འཕྲོད་བསྟེན་ལས་བྱེད་ཚོར་ཟླ་རེར་ཉུང་མཐར་ནད་འབུ་སྔོན་འགོག་གི་ཁ་རས་ས་ཡ་ ༨༩ དང་། བརྟག་དཔྱད་ལག་ཤུབས་ས་ཡ་ ༧༦། དེ་བཞིན། སྨན་བཅོས་ཤེལ་མིག་ས་ཡ་ ༡༠༦ བཅས་མཁོ་ཡི་ཡོད་ཀྱང་། སྔོན་འགོག་ཡོ་ཆས་ཀྱིས་མ་འདང་གི་མེད་པའི་རྐྱེན་གྱིས་སྨན་པ་དང་སྨན་ཞབས། དེ་བཞིན་ཆེད་མཁས་པ་མི་ཉུང་བ་ཞིག་ལ་འགོས་ནད་ཕོག་སྟེ་རྐྱེན་འདས་སུ་འགྲོ་ཡི་ཡོད་པ་རེད། ཕྱི་ཚེས་ ༢ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་བཟོ་གྲྭ་ཁག་ནས་ཁ་རས་དང་ལག་ཤུབས། མིག་ཤེལ་སོགས་ནད་འབུ་སྔོན་འགོག་གི་ཐོན་རྫས་བརྒྱ་ཆ་ ༤༠ སྤར་དགོས་པའི་འབོད་སྐུལ་གནང་འདུག་ལ། རྒྱ་གར་གྱིས་ཏོག་དབྱིབས་འགོས་ནད་འགོག་སྲུང་སླད་ཕྱིར་འདྲེན་བྱེད་བཞིན་པའི་སྨན་རིགས་ ༢༦ མཚམས་འཇོག་བྱས་ཡོད་འདུག

 

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༣/༠༤

Leave a Reply