ལྷོ་ཨ་མི་རི་ཁའི་དོན་གཅོད་གསར་པ་འཇིཊ་མེད་ཚེ་རིང་ལགས།

ཁ་སང་ཕྱི་ཚེས་ ༣ ཉིན་ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་གསར་པ་འཇིགས་མེད་ཚེ་རིང་ལགས་ནས་ལས་འཁུར་དབུ་འཛུགས་གནང་།འདས་ལོའི་ཕྱི་ཟླ་ ༤ ཚེས་ ༢༣ ཉིན། བཀའ་ཤག་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་འཇིགས་མེད་ཚེ་རིང་ལགས་ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་གཏན་འཁེལ་བའི་གསལ་བསྒྲགས་གནང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༣ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་སྤྲོད་དཔང་གནང་སྟེ། ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་གསར་པ་འཇིགས་མེད་ཚེ་རིང་ལགས་དང་སྐུ་ཚབ་དོན་གཅོད་ཟུར་པ་ཚེ་དབང་ཕུན་ཚོགས་ལགས་གཉིས་ནས་རྩིས་སྤྲོད་རྩིས་ལེན་གནང་ཡོད་འདུག

སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཕྱི་ལོ་ ༡༩༦༧ ཟླ་ ༣ ཚེས་ ༡ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༢༧ ཉིན་ལས་བྱེད་འདེམས་ལྷན་ནང་ཟུང་དྲུང་གི་གནས་རིམ་ཐོག་དམིགས་བསལ་བསྐོ་བཞག་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༢༧ ཉིན་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༤ ནས་ཕྱི་དྲིལ་གྱི་དྲུང་འཕར་གནས་རིམ་དུ་སྤར། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣ ཉིན་ཕྱི་དྲིལ་ (Online Tech) འགན་འཛིན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡ ནས་འོས་བསྡུའི་དྲུང་འཕར་དང་འདེམས་ལྷན་གྱི་དྲུང་ཚབ་གཅིག་ལྕོགས་སུ་བསྐོ་བཞག་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༥ ནས་བཀའ་དྲུང་ཡིག་ཚང་དུ་ཕྱག་ལས་གནང་།  ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༧ ཉིན་ལས་བྱེད་འདེམས་ལྷན་གྱི་དྲུང་ཡིག་ཆེན་མོའི་གནས་རིན་ཐོག་གནས་སྤར་བ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡ ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་དང་འོས་བསྡུ་ལས་ཁང་གི་ལས་འགན་གཅིག་ལྕོགས་སུ་འཁུར་གནང་ཡོད་འདུག

གསར་འགོད་པ་ཀླུ་མགོན་ཐར་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ནས་བཏུས།

བསྐྱར་བཅོས།: ༢༠༢༠/༠༣/༠༤

Leave a Reply