བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་ལྷུང་ཡོད་པའི་སྙན་ཐོ་བཏོན།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གཞུང་ནས་བོད་ཁུལ་དུ་སྐད་གཉིས་སློབ་གསོའི་བུ་བཅོལ་ཁང་དང་མཉམ་བསྲེས་འཛིན་གྲྭ། གཅིག་སྡུད་སློབ་གྲྭ་བཅས་བཙུགས་ཏེ་བོད་རིགས་བྱིས་པ་ཚོས་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་ཧ་ཅང་ཇེ་ཉུང་དུ་གཏོང་བཞིན་ཡོད་སྐོར་སྙན་ཐོ་བཏོན་འདུགཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ (Human Rights Watch) གིས་འབྲེལ་ཡོད་སོགས་ལ་བཅར་འདྲི་བྱས་པ་བརྒྱུད། དེ་རིང་ཕྱི་ཚེས་ ༥ ཉིན་རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་སྐད་གཉིས་སློབ་གསོའི་སྲིད་བྱུས་འོག བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་དུ་ཡོད་ཅེས་བའི་སྙན་ཐོ་ཤོག་གྲངས་ ༩༡ ཅན་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བུ་བཅོལ་ཁང་གི་བྱིས་པ་ལོ་ ༣ ཙམ་ལོན་པ་ཚོ་ལའང་མི་རིགས་མཐུན་སྒྲིལ་ཁ་ལ་ཁྱེར་ཏེ། བཙན་གྱིས་སྐད་གཉིས་སློབ་གསོ་ཟེར་བ་ལག་བསྟར་བྱེད་མགོ་བཙུགས་ཡོད་སྐོར་དང་། འདས་པའི་ལོ་བཅུའི་རིང་བོད་ནང་སློབ་གྲྭ་མང་དུ་ཕྱིན་པ་དང་བསྟུན། བོད་ཡིག་ཆེད་སྦྱོང་བྱེད་ས་མ་གཏོགས་སློབ་གྲྭ་གཞན་ཁག་གི་ནང་རྒྱའི་སྐད་ཡིག་གི་བསླབ་གཞི་གཙོར་བཟུང་གི་སློབ་ཁྲིད་སྲིད་བྱུས་ལག་བསྟར་བྱེད་ཤུགས་ཆེ་རུ་ཕྱིན་ཏེ།  བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་ལྷུང་ཡོད་སྐོར་བརྗོད་འདུག

བོད་ཁུལ་གྱི་སློབ་ཆུང་དང་བུ་བཅོལ་ཁང་ལ་རྒྱའི་སྐད་ཡིག་གཙོ་གཉེར་བྱེད་ཀྱི་ཡོད་སྐོར་ལ་སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༡༦ ལོར་ལྷ་ས་སློབ་གསོ་ཁང་གིས་རྒྱལ་ས་ལྷ་སའི་ཕྱི་རོལ་གྱི་གྲོང་གསེབ་ཁག་ཚུད་པའི་ལྷ་སའི་མངའ་ཁོངས་རྫོང་ཁག་མང་ཆེ་བའི་སློབ་ཆུང་ནང་ཨང་རྩིས་སློབ་ཚན་རྣམས་བསླབ་གཞི་རྒྱའི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་བཞིན་ཡོད་པ་ཡོངས་གྲགས་བྱས་ཡོད་པ་དང་། དེ་ནི་བསླབ་གཞི་རྒྱའི་སྐད་ཡིག་ནང་བསྒྱུར་བའི་གནས་ཚུལ་ཤེས་རྟོགས་བྱུང་བ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་མིན་པའི་བོད་རིགས་ས་ཁུལ་གཞན་དུའང་སློབ་གསོའི་ལམ་ལུགས་དེ་ཉུང་མཐའ་ཡང་ས་ཁུལ་གཅིག་གི་ནང་ལ་བཙན་བཀའ་བཏང་ཟིན་ཡོད་ཅེས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་ཆུང་ཁག་གི་ནང་ཕྱི་ལོ་ ༢༠༡༩-༢༠༢༠ ལོ་བར་གྱི་ལོ་འཁོར་སློབ་དུས་སུ་རྒྱའི་སྐད་ཡིག་གཙོ་གཉེར་གྱི་བསླབ་གཞི་མགོ་འཛུགས་དགོས་པའི་སྲིད་བྱུས་ངོ་སྤྲོད་བྱས་ཟིན་ཡོད་པ་དང་།  ཕྱི་ལོ་ ༢༠༡༧ ཟླ་ ༤ པའི་ནང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་ཁུལ་དུའང་གཅིག་མཚུངས་ཀྱི་ངོ་སྤྲོད་བྱས་ཡོད་པ་མ་ཟད། མཚོ་སྔོན་གྱི་བོད་རིགས་ས་ཁུལ་གཞན་དུའང་གོང་གསལ་སྲིད་བྱུས་དེ་ལྟ་བུ་མི་འགྱངས་བར་ངོ་སྤྲོད་བྱ་སྲིད་སྐོར་བཀོད་འདུག

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་ཆུང་ཁག་གི་སློབ་ཁྲིད་ཀྱི་བསླབ་གཞི་རྒྱ་ཡིག་ལ་བསྒྱུར་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་སྐོར་སྙན་ཐོའི་ནང་། བོད་རིགས་སློབ་གྲྭ་ཁག་ལ་བཏོན་པའི་དགོས་འདུན་ནམ་དམིགས་ཡུལ་ནི་བོད་རིགས་ཕྲུ་གུ་རྣམས་རྒྱ་ནག་གི་རིག་གཞུང་དང་། སྐད་ཡིག་ནང་སྔར་བས་མང་བ་ངོ་བོ་དབྱེར་མེད་ངང་འཐིམ་དུ་འཇུག་དགོས་པ་དེ་རེད། དེ་དག་གི་ཐོག་ད་དུང་སྐད་གཉིས་སློབ་གསོའི་བུ་བཅོལ་ཁང་འཛུགས་པ་དང་། མཉམ་བསྲེས་འཛིན་གྲྭ། གཅིག་སྡུད་སློབ་གྲྭའི་སློབ་གསོ་བཅས་ཚུད་ཡོད་པ་མ་ཟད། ད་དུང་རྒྱ་ནག་ནས་རྒྱ་རིགས་དགེ་རྒན་འབོར་ཆེན་བོད་ཀྱི་སློབ་གྲྭ་ཁག་ལ་གཏོང་བ་དང་། བོད་རིགས་དགེ་རྒན་རྣམས་རྒྱ་ནག་སྐམ་སར་ཟབ་སྦྱོང་ལ་བཏང་ནས་བོད་རིགས་དགེ་རྒན་ཡོངས་རྫོགས་རྒྱ་སྐད་ལ་ཡག་པོ་དགོས་པའི་ཆ་རྐྱེན་འདོན་གྱི་ཡོད། གོང་གསལ་བྱ་ཐབས་འདི་དག་གིས་བོད་རང་སྐྱོང་ལྗོངས་ཁུལ་གྱི་སློབ་གྲྭ་ཁག་ལ་ཐད་ཀར་མ་ཡིན་པའི་གནོན་ཤུགས་འཕར་མ་སྤྲད་པར་བརྟེན། བོད་རིགས་ཀྱི་ཕྲུ་གུ་རྣམས་འདས་པའི་ལོ་ངོ་བཅུ་གྲངས་ནང་ཕ་སྐད་ཐོག་ནས་སློབ་སྦྱོང་བྱེད་ཐུབ་པའི་གོ་སྐབས་རྦད་དེ་ཉུང་དུ་བཏང་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཁུལ་གྱི་སློབ་ཆུང་ཁག་ནང་རིམ་བཞིན་སློབ་ཁྲིད་ཀྱི་བསླབ་གཞི་རྒྱ་ཡིག་ལ་བསྒྱུར་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད་པ་རེད། ཅེས་བཀོད་འདུག

བསླབ་གཞི་རྒྱ་ཡིག་ཏུ་བསྒྱུར་རྒྱུར་འབད་བརྩོན་འདྲ་མིན་བྱེད་ཀྱི་ཡོད་སྐོར་སྙན་ཐོའི་ནང་། བསླབ་གཞི་རྒྱ་ཡིག་ཐོག་ལ་བསྒྱུར་བར་མཐུན་སྦྱོར་བྱེད་པའི་འཐབ་ཇུས་གཞན་ཞིག་ནི་མཉམ་བསྲེས་འཛིན་གྲྭ་གསར་འཛུགས་བྱས་ཏེ། བོད་རིགས་མ་ཡིན་པའི་སློབ་ཕྲུག་བོད་རིགས་འཛིན་གྲྭའི་ཁོངས་སུ་བཅུག་གི་ཡོད་པ་དང་། ཐབས་ཇུས་གཞན་ཞིག་ནི་གཅིག་སྡུད་སློབ་གྲྭ་ཟེར་བ་དེ་ཡིན་པ་དང་། དེ་ནི་གྲོང་གསེབ་ཁུལ་དུ་ས་གནས་ཀྱི་སློབ་གྲྭ་སྒོ་བརྒྱབ་ནས་སློབ་གྲྭ་དེ་དག་ཉེ་འགྲམ་གྱི་གྲོང་བརྡལ་ཁག་ལ་གཅིག་ཏུ་སྒྲིལ་བ་ཚུད་ཡོད་པ་དང་དེར་གྲོང་གསེབ་ཀྱི་སློབ་མ་རྣམས་གཏན་སྡོད་བྱེད་ཀྱི་ཡོད།  བྱེད་ཐབས་འདིས་སློབ་གྲྭའི་ཆ་རྐྱེན་སོགས་ཚད་ལྡན་ཡོང་རྒྱུར་ཕན་ཐོགས་ཡོད་ན་ཡང་། ཕྲུ་གུ་རྣམས་ཀྱིས་སོ་སོའི་ནང་མི་མཉམ་དུ་འབྲེལ་བ་བྱེད་རྒྱུ་དང་མཉམ་དུ་བོད་སྐད་ཤོད་པའི་འཁོར་ཡུག་ཉུང་འཕྲི་བྱེད་ཀྱི་ཡོད། བྱེད་ཐབས་འདི་དག་ཚང་མས་བོད་རིགས་ཕྲུ་གུ་ཚོར་རྒྱའི་སྐད་ཡིག་གི་གོ་རྟོགས་ཡར་རྒྱས་གཏོང་གི་ཡོད་ཀྱང་། ཕྲུ་གུ་ཚོ་རང་ཉིད་ཀྱི་སྐད་ཡིག་ལ་གོམས་འདྲིས་བསླེབ་རྒྱུ་ཉམས་ཞན་དུ་གཏོང་གི་ཡོད་པ་རེད། ཅེས་བཀོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་ཚན་པའི་འགན་འཛིན་སོ་ཧྥི་རི་ཆར་ཌི་སན (Sophie Richardson) གྱིས། རྒྱ་ནག་གི་སློབ་གསོའི་སྲིད་བྱུས་ནི་སློབ་གསོ་དམིགས་འབེན་དུ་བཟུང་བ་ཞིག་མིན་པར་ཆབ་སྲིད་ཀྱི་ཀུན་སློང་ཡོད་པ་ཞིག་རེད་ལ། རྒྱ་ནག་གཞུང་གི་བོད་མི་ཚོར་བོད་ཀྱི་སྐད་ཡིག་གི་བསླབ་གཞི་མཁོ་སྤྲོད་བྱེད་པའི་རྒྱལ་སྤྱིའི་སྲོལ་ཡིག་རྡོག་རོལ་གཏོང་གི་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་ཚོ་བོད་ནང་སྐད་གཉིས་སློབ་གསོའི་གནས་བབ་ལ་རྒྱུས་ལོན་ཆེད་བོད་ནང་གཏོང་གི་མེད་ནའང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་བོད་ནག་ཆུ་ཁུལ་གྱི་གྲོང་སྡེ་ཁག་ ༦ གི་སློབ་ཕྲུག་གི་ཕ་མ་དང་དགེ་རྒན་ཁག་ཅིག་ལ་བཅར་འདྲི་བྱས་ཡོད་པ་དང་། ཁུལ་དེའི་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༣ ནས་བཟུང་ས་གནས་ཀྱི་སྔོན་འགྲོའི་སློབ་གྲྭ་ཁག་གི་ནང་རྒྱའི་སྐད་ཡིག་ཐོག་སློབ་གསོ་སྤྲོད་མགོ་བཙུགས་ཡོད་པ་བརྗོད་འདུག

དེ་བཞིན་ལྟ་ཞིབ་ཁང་དེས་བོད་ནང་གི་བོད་རིགས་དགེ་རྒན་དང་སློབ་གསོ་བ། གཞུང་ཞབས་ཟུར་པ་སོགས་ལ་བོད་ཁུལ་གྱི་སྐད་གཉིས་སློབ་གསོའི་ཐད་ལ་བཅར་འདྲི་བྱས་ཡོད་འདུག་ལ། ཕྱི་ལོ་ ༢༠༡༨ ལོར་བཅར་འདྲི་བྱས་ཤིང་མིང་མ་བརྗོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཞིག་གིས། སྐད་གཉིས་སློབ་གསོ་ཞེས་པ་དེའི་གཞུང་ལུགས་ཐོག་གི་གོ་དོན་ནི། བོད་སྐད་དང་རྒྱ་སྐད་གཉིས་ཀ་བེད་སྤྱོད་ཆོག་པ་ཡིན་པའི་སྐད་ཆ་སྙན་པོ་ཞིག་རེད། འོན་ཀྱང་ལག་ལེན་ཐོག་ནས་བྱས་ན་རྒྱ་སྐད་ནི་ཐ་ན་ཡུལ་ཚོ་རིམ་པའི་སློབ་གྲྭའི་ནང་དུའང་བེད་སྤྱོད་གཏོང་པའི་ཁྲིམས་མཐུན་སྤྱི་སྐད་དེ་རེད། ཅེས་བརྗོད་འདུག

དེ་བཞིན་སྙན་ཐོ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་དེས་བོད་ཁུལ་ཀྱི་མགོ་ཁྲིད་རྣམས་ལ་བླང་བྱ་དོན་ཚན་ ༦ བཏོན་ཡོད་པའི་ནང་། བོད་རིགས་ཕྲུ་གུ་ཚང་མར་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་་སྤྱོད་པ་དང་སྦྱོང་ཐུབ་པ་ཞིག་དང་། བཙན་ཤེད་ཀྱི་སྒོ་ནས་བོད་ཀྱི་བསླབ་གཞི་ཅན་གྱི་སློབ་གསོའི་ནང་མི་རིགས་མཉས་བསྲེས་དང་། གཅིག་བསྡུས་སློབ་གྲྭ མཉམ་བསྲེས་འཛིན་གྲྭ་བཅས་ཀྱི་ཐབས་བྱུས་དེ་དག་སྤྱོད་མཚམས་འཇོག་དགོས་པ། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང་ཁྲིམས་ཆད་འཕོག་པའི་སློབ་གསོ་ལས་འགུལ་བ་གཞན་རྣམས་ཀློད་གྲོལ་གཏོང་བ་དང་། ཕ་སྐད་ཀྱི་ལས་འགུལ་སྤེལ་མཁན་ཚོགས་སྒེར་གཉིས་ལ་དྲག་གནོན་བྱེད་པ་མཚམས་འཇོག་དང་། ནག་སེལ་གཤེད་འཇོམས་ཀྱི་མིང་གཞུང་ནས་ཕྱིར་འཐེན་བྱས་ཏེ། སློབ་གསོའི་གནད་དོན་ལ་སྤྱི་དམངས་རང་བཞིན་གྱི་བགྲོ་གླེང་བྱེད་དུ་འཇུག་དགོས་པ། བོད་རང་སྐྱོངས་ལྗོངས་ནང་སྒེར་གཉེར་གྱི་བུ་བཅོལ་ཁང་དང་། སློབ་ཆུང་། སློབ་འབྲིང་བཅས་ཀྱི་ནང་སློབ་གསོ་དང་འབྲེལ་འོས་འཚམས་ཀྱི་སྒྲིག་སྲོལ་འགྲེམ་སྤེལ་བྱ་དགོས་པ་དང་། སློབ་གྲྭ་ཁག་སྒོ་རྒྱག་པར་ཁ་གསལ་དང་དོན་དངོས་དང་མཐུན་པའི་རྒྱུ་མཚན་དགོས་ངེས་ཅན་ཡིན་པའི་སྒྲིག་ཁྲིམས་བཟོས་ཐོག སྒྲིག་ཁྲིམས་དེ་དག་གིས་སློབ་གྲྭའི་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ནུས་པར་འགོག་རྐྱེན་མི་བཟོ་བ་དང་། རྟོག་ཞིབ་པ་ཚོས་བོད་ཡིག་གི་བསླབ་གཞི་ཅན་གྱི་སློབ་གྲྭར་དབྱེ་འབྱེད་དང་དྲང་བདེན་མིན་པའི་ཐག་གཅོད་མི་བྱེད་པ་ལ་གཟབ་དགོས་སྐོར་བརྗོད་འདུག

དེ་བཞིན་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོར་བླངས་བྱ་དོན་ཚན་ ༩ བཏོན་ཡོད་པའི་ནང་། ༡ སློབ་གྲྭ་ཁག་ལ་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་ཀྱི་བསླབ་གཞིའི་ཐོབ་ཐང་ཡོད་པ་རྣམས་བསྐྱར་དུ་གཏན་འབེབ་བྱེད་དགོས། ༢ སློབ་གྲྭ་ཁག་ལ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་གོང་འཕེལ་གཏོང་རྒྱུར་འགན་ལེན་བྱ་ཆེད་སྐད་གཉིས་སློབ་གསོའི་སྲིད་བྱུས་དེ་ལེགས་བཅོས་བྱེད་དགོས་པ་དང་། སྔོན་འགྲོའི་སློབ་གྲྭ་དང་། སློབ་ཆུང་ནང་ཕ་སྐད་ཀྱི་བསླབ་གཞི་ཡོད་དགོས། སློབ་གྲྭ་ཁག་གི་སྐད་ཡིག་སྲིད་བྱུས་རྣམས་མང་མོས་ཀྱི་ལག་ལེན་བྱེད་སྐབས་དེའི་དང་བླང་ལ་འགན་ལེན་དགོས་པ་མ་ཟད་ལེགས་བཅོས་ཀྱི་བརྒྱུད་རིམ་དང་། གོ་བསྡུར་བྱེད་རིང་གྲངས་ཉུང་མི་རིགས་ཀྱི་ཆ་ཤས་ལེན་རྒྱུར་འགན་ལེན་བྱེད་དགོས། ༣ གྲངས་ཉུང་མི་རིགས་ཁུལ་དུ་སློབ་གསོའི་སྲིད་བྱུས་གསལ་འགྲེལ་བྱེད་སྐབས། སློབ་གསོའི་དམིགས་ཡུལ་དེ་ཆབ་སྲིད་ཀྱི་དམིགས་ཡུལ་དུ་མི་འགྲོ་བ་གཙོ་དོན་འཛིན་རྒྱུར་འགན་ལེན་ཡོད་དགོས། ༤ མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་སྐབས་མི་སེར་གྱི་རྩ་བའི་ཐོབ་ཐང་དང་རིག་གཞུང་གི་ཐོབ་ཐང་ལ་གདལ་བཤིག་མི་གཏོང་བ་དང་། མི་མང་ལ་སློབ་གསོའི་གནད་དོན་དང་ཡང་ན་ཆབ་འབངས་ས་ཁུལ་དུ་གནས་སྤོས་བྱས་པའི་མི་འབོར་བཅས་ཀྱི་སྐོར་ལ་བགྲོ་གླེང་བཀག་འགོག་མི་བྱེད་པའི་འགན་ལེན་ཡོད་དགོས། ༥ གུང་ཁྲན་ཏང་གིས་ཆབ་སྲིད་དམིགས་ཡུལ་ཐོག་ནས་སློབ་གྲྭར་སྟངས་འཛིན་བྱེད་པ་དེ་མཚམས་འཇོག་དགོས། ༦ བུ་བཅོལ་ཁང་དང་། སློབ་ཆུང་ཁག་གི་སློབ་ཁྲིད་དང་། སློབ་སྦྱོང་གི་རྒྱུ་ཆ་ཚང་མ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ནང་ཡོད་དགོས་པ་དང་། སློབ་འབྲིང་རིམ་པར་ཡང་འོས་ཤིང་འཚམ་པ་ཡོད་དགོས་པ་མ་ཟད་རིག་གཞུང་གི་ནང་དོན་འོས་འཚམ་གྱིས་མངོན་ཐུབ་པ་འགན་ལེན་བྱེད་དགོས། ༧ རང་སྐྱོང་ལྗོངས་དང་ཁུལ་ནང་གནས་སྤོས་བྱས་པའི་དགེ་རྒན་དེ་དག་དང་ཁུལ་དེ་དག་ལ་བཏང་བའི་དེབ་སྐྱེལ་བྱས་པའི་རོགས་སྐྱོར་ལས་འཆར་གྱིས། གྲངས་ཉུང་མི་རིགས་སྐད་ཡིག་དང་འཚམ་པའི་སྒོ་ནས་འབྲེལ་ཡོད་ཟབ་སྤྱོང་ཞབས་ཞུ་མཁོ་འདོན་བྱ་རྒྱུར་འགན་ལེན་བྱེད་དགོས། ༨ རང་སྐྱོང་ལྗོངས་དང་ཁུལ་དུ་ད་ལྟའི་སྐད་གཉིས་སློབ་གསོ་སྲིད་བྱུས་དེའི་རྐྱེན་པས་དགེ་རྒན་གནས་དབྱུང་གཏོང་བ་མཚམས་འཇོག་བྱེད་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་དགེ་རྒན་རྣམས་ལ་ཟབ་སྦྱོང་གི་མཐུན་རྐྱེན་སྦྱར་ནས་ད་ལྟའི་རྒྱལ་ཁབ་གྱི་སློབ་གྲྭའི་དགེ་རྒན་གྱི་དགོས་ངེས་ཆ་རྐྱེན་དང་སྙོམ་རྒྱུར་འགན་ལེན་བྱེད་དགོས། ༩ ཚད་དང་ལྡན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སློབ་གསོའི་ཐད་ལ་གནང་བའི་མཚམས་སྦྱོར་ཡོངས་ལ་གུས་བརྩི་ཞུ་དགོས་པ་བཅས་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༣/༠༥

Leave a Reply

One thought on “བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་ལྷུང་ཡོད་པའི་སྙན་ཐོ་བཏོན།