ཟི་ལིང་ནས་ཁྲིན་ཏུའུ་བར་ལྕགས་ལམ་གྱིས་མཐུད་ཀྱི་འདུག

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་དེ་རིང་ནས་སི་ཁྲོན་ཕྱོགས་ཀྱི་འཛུགས་སྐྲུན་དངོས་སུ་མགོ་བཙུགས་ཡོད་འདུགདེ་རིང་སི་ཁྲོན་ཉིན་རེའི་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།  རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་ནས་སི་ཁྲོན་གྱི་ལྟེ་གནས་གྲོང་ཁྱེར་ཁྲིན་ཏུའུ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་འགྲོ་བཞིན་ཡོད་པ་ལྟར།  དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཉིན་གུང་ཙམ་ལ་སི་ཁྲོན་ཕྱོགས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལས་གཞི་དེ་རྔ་བ་ཁུལ་ཟུང་ཆུ་རྫོང་ནས་དངོས་སུ་མགོ་བཙུགས་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་སི་ཁྲོན་ཞིང་ཆེན་མེ་འཁོར་ལྕགས་ལམ་ལས་འཆར་འགན་འཛིན་(Cheng Jianwen)ཟེར་བ་དེས། མེ་འཁོར་ལྕགས་ལམ་གྱི་འཛུགས་སྐྲུན་ལས་གཞི་དེ་དངོས་སུ་གྲུབ་རྗེས་ཟི་ལིང་དང་ཁྲིན་ཏུའུ་བར་ལ་ཆུ་ཚོད་ ༤ ལས་མི་འགོར་བ་དང་། མེ་འཁོར་ལྕགས་ལམ་དེ་བརྒྱུད་སི་ཁྲོན་ཕྱོགས་ཀྱི་མཛོད་དགེ་རྩྭ་ཐང་དང་། ཁྱུང་མཆུ་སོགས་ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་མཛེས་སྡུག་ལྡན་པ་རྐྱང་རྐྱང་བརྒྱུད་ནས་འགྲོ་ཐུབ་སྐོར་བརྗོད་འདུག

དེ་འབྲེལ་གྱི་གནས་ཚུལ་ནང་། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ནི་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་འབྲེལ་གྱི་ཡོད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་འཆར་ལྕགས་ལམ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཕེལ་རྒྱས་ཀྱི་ལས་འཆར་གལ་ཆེན་ཞིག་ཡིན་པ་དང་། ལྕགས་ལམ་དེ་འཛུགས་སྐྲུན་གྱི་དམིགས་ཡུལ་གཙོ་བོ་མི་མང་དབུལ་སྒྲོལ་དང་དཔལ་འབྱོར་འཕེལ་རྒྱས་ཆེད་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ལོ་ནས་འཛུགས་སྐྲུན་ལས་མགོ་བཙུགས་ཏེ། མེ་འཁོར་ལྕགས་ལམ་གསར་པ་དེ་ཉིད་འཛུགས་སྐྲུན་ཆེད་མ་དངུལ་རྒྱ་སྒོར་ཐེར་འབུམ་ ༨༡།༤༩ ལྷག་གཏོང་གི་ཡོད་ལུགས་དང་། ལྕགས་ལམ་དེ་ཟི་ལིང་གི་མཚོ་ཤར་འབབ་ཚུགས་ནས་མགོ་བཙུགས་ཏེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་བཅས་བརྒྱུད་དགོས་ཀྱི་ཡོད་པ་དང་། ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་འབབ་ཚིགས་ ༡༩ དང་གསར་དུ་འཛུགས་སྐྲུན་བྱས་པའི་འབབ་ཚིགས་ ༡༧ བཅས་ཡོད་པ་དང་། ལྕགས་ལམ་སྟེང་འགྲུལ་སྐྱེལ་མེ་འཁོར་གྱི་མགྱོགས་ཚད་ཆུ་ཚོད་རེར་སྤྱི་ལེ་ ༢༠༠ ཡིན་པ་དང་། མཛོད་དགེ་དང་ཁྱུང་མཆུ་རྩྭ་ཐང་གི་ཐང་བདེ་ས་སོགས་སུ་མགྱོགས་ཚད་ཆུ་ཚོད་རེར་སྤྱི་ལེ ༢༥༠ ཡིན་སྐོར་དང་། ལས་གཞི་ཧྲིལ་པོ་ཕྱི་ལོ་ ༢༠༢༧ ལོར་འགྲུབ་འཆར་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༠༥

Leave a Reply

One thought on “ཟི་ལིང་ནས་ཁྲིན་ཏུའུ་བར་ལྕགས་ལམ་གྱིས་མཐུད་ཀྱི་འདུག