བཙན་བྱོལ་བོད་མིས་ཏོག་དབྱིབས་འགོས་ནད་སྔོན་འགོག་ཆེད་དོ་འཁུར་ཆེན་པོ་བྱེད་པའི་མགོ་བཙུགས།

བཙན་བྱོལ་བོད་མིའི་གཞུང་མང་དགོན་སྡེ་བཅས་ནས་ཏོག་དབྱིབས་འགོས་ནད་སྔོན་འགོག་ཆེད་ཆོས་སྲིད་ཀྱི་ལས་གཞི་གང་འཚམ་ཞིག་ཕྱིར་འཐེན་གནང་དགོས་བྱུང་འདུགརྒྱ་ནག་གི་ཏོག་དབྱིབས་འགོས་ནད་ཨ་རི་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ཁྱབ་བཞིན་ཡོད་པ་དང་། རྒྱ་གར་ནང་དུའང་ནད་པ་དང་དོགས་གནས་ཅན་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག བོད་མིའི་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་། བོད་མིར་མཚོན་ན་དེ་ནི་ལོ་རྒྱུས་ཁྲོད་ཀྱི་དུས་ཚོད་གལ་ཆེན་ཞིག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་འཆར་གཞི་གཞིར་བཟུང་སྲུང་གཙི་ཞུ་རྒྱུ་ཡིན་པ་དང་། ཡུལ་ལུང་འདྲ་མིན་ནང་གནས་སྡོད་བོད་མི་རྣམས་ནས་ཀྱང་རང་རང་སོ་སོའི་ས་གནས་ཀྱི་གནས་བབ་དང་། དབུས་སའི་གཞུང་གི་ལམ་སྟོན་གཞིར་བཟུང་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུ་ཐུབ་ན་ལེགས་པོ་ཡོད་ཀྱང་། གཟུགས་གཞི་ཐང་པོ་མེད་པ་རྣམས་ལས་འགུལ་ནང་མཉམ་ཞུགས་མི་བྱ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་ལ། ད་ལྟའི་ནད་ཡམས་ཀྱི་གནས་སྟངས་ཡར་རྒྱས་མ་ཕྱིན་བར་དུ་བོད་མི་རྣམས་ནས་ཡིད་གཟབ་དང་སྔོན་འགོག་བྱེད་གལ་ཆེ་སྐོར་དང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢ ནས་ ༤ བར་ཚོགས་གཏན་འཁེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ཁྲོད་ཀྱི་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཕར་འགྱངས་གནང་དགོས་བྱུང་ཡོད་པ་ལྟར། འབྲེལ་ཡོད་ཚང་མར་ཡིག་འབྲེལ་དང་ལམ་སྟོན་གནང་ཟིན་ཡོད་སྐོར་དང་།  ད་ལྟའི་ཆར་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༡ ནས་ ༡༤ བར་ཚོགས་གཏན་ཁེལ་བའི་གཞོན་སྐྱེས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་འདུ་ལ་འགྱུར་བ་ཐེབས་མེད་སྐོར་བརྗོད་སོང་།

ཁ་སང་ཕྱི་ཚེས་ ༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་དགེ་རྩ་ཚོགས་པས་རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ཀྱིས་མི་མང་འདུ་འཛོམས་སོགས་ཀྱི་རིགས་བྱེད་མི་ཆོག་པའི་བཀའ་ཁྱབ་གནང་བ་ལྟར། འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དུས་ཡུན་ངེས་མེད་བར་ཕྱིར་འགྱངས་གནང་ཡོད་སྐོར་གསལ་བསྒྲགས་གནང་འདུག་ལ། དེ་བཞིན་ཕྱི་ཚེས་ ༢ ཉིན་དགའ་ལྡན་ཕོ་བྲང་ནས་ཕྱི་ཟླ་ ༤ ཚེས་ ༡ ཉིན་མདོ་སྨད་མང་འབབ་བྱ་གསུམ་མི་མང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་དང་། ༧གོང་ས་མཆོག་ལ་མཇལ་ཁ་སོགས་ཀྱི་མཛད་འཆར་ཁག་དུས་ཡུན་ངེས་མེད་རིང་ཕྱིར་འཐེན་གནང་ཡོད་སྐོར་གསུངས་འདུགའདི་གའི་གསར་འགོད་པས་ཁ་པར་བརྒྱུད་བཙན་བྱོལ་བོད་མིའི་དགོན་སྡེ་ཆེ་ཁག་ཅིག་ལ་འབྲེལ་བ་བྱས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ནས་ ༡༡ བར་འཚོགས་བཞིན་པའི་དགའ་ལྡན་དང་འབྲས་སྤུངས་དགོན་གཉིས་ཀྱི་ཆོ་འཕྲུལ་སྨོན་ལམ་ཚོགས་ཆུང་གིས། ད་ལྟ་དགའ་ལྡན་དུ་འཚོགས་བཞིན་པའི་རབ་གནས་ལྕགས་བྱི་ལོའི་དགའ་འབྲས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བཅོ་ལྔ་མཆོད་པ་དང་གཏོར་རྒྱག  དེ་བཞིན། བྱམས་པ་གདན་འདྲེན་བཅས་ཀྱི་ཆོས་ཕྱོགས་བྱེད་སྒོ་ཁག་ཕྱིར་འགྱངས་གནང་འདུགདེ་བཞིན་དེ་རིང་སེ་ར་ཐེག་ཆེན་གླིང་ནས་གསལ་བསྒྲགས་གནང་སྟེ། སེ་ར་བླ་སྤྱིའི་བཅོ་ལྔ་མཆོད་པའི་འདུ་འཛོམས་མཛད་སྒོ་དང་གཞས་སྣ་འཁྲབ་སྟོན་ཕྱིར་འཐེན་གནང་ཡོད་པ་མ་ཟད། སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་ཞལ་ངོ་ནས་དགེ་འདུན་པ་རྣམས་ལ་གནས་སྐབས་ཕྱོགས་སྐྱོད་ཀྱི་དགོངས་ཞུ་ལ་གནང་བ་མི་སྤྲོད་པ་དང་། ས་གནས་གཞན་དུ་ཕེབས་ཟིན་པ་རྣམས་ཚུར་འཁོར་སྐབས་ངེས་པར་དུ་གཟབ་ནན་དགོས་པ། ཕྱི་རྒྱལ་ཁག་ནས་འབྲེལ་ཡོད་འགྲུལ་པར་གནས་སྐབས་སྣེ་ལེན་མི་གནང་བ་དང་། མགྲོན་ཁང་ཁག་ནས་འགྲུལ་པར་སྨན་པའི་ངོས་སྦྱོར་ཡོད་ན་མ་གཏོགས་ངོས་ལེན་མི་གནང་བའི་ལམ་སྟོན་གནང་ཡོད་འདུག དེ་བཞིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་སྨོན་ལམ་ཕར་འགྱངས་དང་། ཕྱི་ཚེས་ ༡༩ ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་རྒྱས་པ་གནང་འཆར་ཡོད་པ་དེའང་ཕྱིར་འགྱངས་གནང་འདུག

ལྡེ་ར་རྡུན་དུ་ཡོད་པའི་དཔལ་༧ས་སྐྱའི་སྒྲོལ་མ་ཕོ་བྲང་གི་འབྲེལ་ཡོད་ནས་ཉེ་སྔོན་༧ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ལོ་ཅོན་མའི་གཟུངས་སྔགས་ཁ་སྦྱོར་དགེ་འདོན་བྱེད་དགོས་པའི་བཀའ་གསུང་ཕེབས་ཡོད་པ་ལྟར། ལོ་ཅོན་མའི་གཟུངས་སྔགས་བགྲང་གི་ཡོད་པ་ལས། དམིགས་བསལ་སྔོན་འགོག་རིགས་བྱེད་ཀྱི་མེད་སྐོར་གསུངས་བྱུང་ལ། ཉིན་ཤས་སྔོན་སྤྱི་ཚོགས་དྲ་ལམ་དུ་འཕགས་མ་རི་ཁྲོད་མའི་སྲུང་འཁོར་ཞིག་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་གནང་བ་ཡིན་ལུགས་ཀྱི་ཡི་གེ་དང་པར་བཀྲམ་པ་དེར་ས་སྐྱའི་སྒྲོལ་མ་ཕོ་བྲང་གིས་གསལ་བཤད་ཅིག་གནང་བའི་ནང་། ད་ལམ་དྲ་ཐོག་ནས་འཕགས་མ་རི་ཁྲོད་མའི་སྲུང་འཁོར་ཞིག་ྋསྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་གིས་གནང་བ་རེད་ཅེས་ཁྱབ་བསྒྲགས་འགྲོ་བཞིན་འདུག་པར། འདི་ནས་ྋསྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་ཆེད་བཅར་དང་སྦྲགས་དེ་དོན་བཀའ་འདྲི་ཞུས་ནས་བཀའ་ལན་ཕེབས་དོན། སྲུང་འཁོར་འདི་བཞིན་ངས་འགྲེམས་སྤེལ་བྱས་མེད། འོན་ཀྱང་སྲུང་འཁོར་འདི་ཡམས་ནད་སོགས་གང་ཅིར་ཕན་པའི་དགེ་མཚན་ཆེ་ཞེས་བཀའ་ཕེབས་བྱུང་བ་ལགས་ན། དེ་ལུགས་ཚང་མས་དགོངས་འཇགས་ཞུ་ཞེས་གསུངས་འདུག

དེ་རིང་སྔ་དྲོར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ནས་ཛ་དྲག་ཚོགས་འདུ་བསྡུས་ཏེ། བཤད་གྲྭའི་དགེ་སློབ་ཡོངས་རྫོགས་ཀྱི་དགུན་དུས་གུང་སེང་ཕྱི་ཟླ་ ༤ ཚེས་ ༡ བར་འཕར་འགྱངས་བྱས་ཡོད་པ་དང་། གནས་སྟངས་ལ་གཞིགས་ཏེ་ཕྱིར་འཛོམས་པའི་ངེས་གཏན་དུས་ཚོད་གསལ་བསྒྲགས་གནང་རྒྱུ་ཡིན་སྐོར་གསུངས་འདུག

གཞན་ཡང་། འདི་གའི་གསར་འགོད་པས་བོད་ཀྱི་མཐོ་སློབ་ཁག་ཅིག་ལ་འབྲེལ་བྱས་ཏེ་ཏོག་དབྱིབས་འགོས་ནད་སྔོན་འགོག་ག་འདྲ་གནང་གི་ཡོད་མེད་དྲིས་པར། ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིག་བདག་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྲིད་དོན་ལགས་ཀྱིས། ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགོག་སྲུང་སླད་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་གྱིས་ཤུག་པའི་བསང་ཞིག་གསར་བཟོ་བྱས་ཏེ། སློབ་གཉེར་ཁང་གི་ཁོར་ཡུག་ཏུ་བསང་ལྡུག་བྱེད་ཀྱི་ཡོད་པ་དང་། དེ་བཞིན་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས། ང་ཚོས་རྒྱ་གར་གྱི་རིམས་ནད་ཆེད་མཁས་པའི་སྔོན་འགོག་གི་ལམ་སྟོན་དེ་ཚོར་དགེ་ལས་སློབ་ཕྲུག་ཡོངས་ལ་གསལ་བཤད་བྱེད་ཀྱི་ཡོད། དེ་མིན་གྱི་ང་ཚོའི་སློབ་མ་ཁག་ཅིག་མཐོ་རིམ་སློབ་མའི་ཚོགས་ཆེན་སླད་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་སོང་བ་དང་། སློབ་མ་ཁག་ཅིག་ལོ་གསར་དང་བསྟུན་ད་དུང་ཕྱིར་སློབ་གྲྭར་ལོགས་མེད་པས། རྗེས་ལ་ཁོང་ཚོ་སློབ་གྲྭའི་ནང་མ་འཛུལ་གོང་ལུས་ལ་ཚ་བ་དང་གློ་རྒྱག་གི་ཡོད་མེད་སོགས་ཀྱི་བརྟག་དཔྱད་གཏོང་གི་ཡིན། ཞེས་བརྗོད་བྱུང་།

ཡང་གསར་འགོད་པས། དྷ་ས་དང་ལྡི་ལི་བར་གྱི་གངས་ལྗོངས་འགྲིམ་འགྲུལ་ཚོང་ལས་ཁང་དང་བོད་ཀྱི་འགྲིམ་འགྲིལ་ཚོང་ལས་ཁང་སོགས་ལ་ད་ལྟའི་ཆར་བོད་མི་འགྲུལ་བཞུད་བྱེད་བཞིན་པའི་མི་འབོར་གྱི་གནས་སྟངས་སྐོར་ལ་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་ཚོང་ལས་ཁང་དེ་དག་སྤྱི་སྤྱོད་རླངས་འཁོར་ནང་་འགྲུལ་བཞུད་བྱེད་མཁན་མང་པོ་བྱུང་གི་ཡོད་པ་དང་། དེ་ཡང་བོད་ཁྱིམ་སློབ་གྲྭའི་སློབ་མ་རྣམས་དུས་ཡུན་ངེས་མེད་རིང་གུང་གསེང་བ་བཏང་བ་ལ་བརྟེན་ནས། དྷ་ས་ནས་ལྡི་ལིར་འགྲོ་མཁན་སློབ་མ་དང་སློབ་མའི་ཕ་མ་སོགས་ཡོད་པ་དང་། དེ་བཞིན། ལྡི་ལིའི་ནང་ཏོག་དབྱིབས་ནད་དུག་འགོས་ཁྱབ་ལ་གཡོལ་ཏེ་ལྡི་ལི་ནས་དྷ་སར་ཡོང་མཁན་མང་པོ་བྱུང་གི་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་ནང་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཇེ་མང་དུ་འགྲོ་ཡི་ཡོད་སྟབས། དགེ་ལས་སློབ་ཕྲུག་ཚང་མས་འཕྲོད་བསྟེན་བདེ་ཐང་ལ་དོ་སྣང་བྱས་ཏེ། སློབ་གཉེར་ཁང་ནས་ཕྱི་ལོགས་གྲོང་ཁྱེར་ནང་མི་འགྲོ་བ་དང་། གལ་སྲིད་ངེས་པར་དུ་འགྲོ་དགོས་བྱུང་ཚེ་བདེ་ཐང་གི་ལམ་སྟོན་ཞུས་ནས་འགྲོ་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་འབོད་སྐུལ་ཞུས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༣/༠༥

Leave a Reply