བཀའ་ཟུར་བློ་བཟང་སྙན་གྲགས་ལཊ་སྲིད་སྐྱོང་འོས་མིར་བཞེངས་འདུག

ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་ཏེ་བདེན་པ་དང་འཆམ་མཐུན། མཉམ་ཁྲིད་བཅས་ཀྱི་ལྟ་གྲུབ་གསུམ་ནི་བོད་མིའི་རྩ་དོན་གྱི་ཀ་བ་གསུམ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།
འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བཀར་ཟུར་ཁོང་ལ་སྲིད་སྐྱོང་འོས་མིར་བཞེངས་པའི་དགོས་དམིགས་ག་རེ་ཡིན་བཀའ་འདྲི་ཞུས་པར་ཁོང་གིས། ངོས་རང་སྲིད་སྐྱོང་ལ་ལངས་དགོས་པའི་དགོས་པ་དམིགས་ཡུལ་གཙོ་བོ་དེ། ང་རང་གིས་ཕྱི་ལོ་ ༡༩༨༨ ནས་བཟུང་བོད་པའི་སྤྱི་ཚོགས་ཀྱི་རྩ་དོན་ཐད་འགན་འཁུར་ནས་ལས་ཀ་བྱེད་མགོ་ཚུགས་ཏེ། ད་ལྟའི་ཆར་ལོ་ངོ་ ༣༠ ལྷག་ཅིག་འགྲོ་བཞིན་ཡོད་པ་དང་། མི་ཞིག་གི་མི་ཚེའི་ནང་ལོ་ངོ་ ༣༠ ལྷག་ཅིག་སྤྱི་བའི་རྩ་དོན་ཐད་ལས་ཀ་བྱེད་པའི་གོ་སྐབས་ཤིག་ཐོབ་ཡོད་སྟབས། ཁྱོན་ཡོངས་ནས་བོད་པའི་ཆབ་སྲིད་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་། དེ་བཞིན་རྒྱལ་སྤྱིའི་འབྲེལ་ལམ་སོགས་གནད་དོན་མང་པོ་ཞིག་ཐོག་ལས་ཀ་བྱེད་རྒྱུ་བྱུང་ཡོད་དུས། དེ་དག་གི་ནུས་པ་ཆ་ཚང་སྤུངས་ཐུབ་ཆེད་དང་ལས་དོན་འདི་གོ་སྐབས་ཤིག་ཏུ་མཐོང་ནས། སོ་སོའི་བསམ་བློའི་ནང་གལ་ཏེ་ང་རང་སྲིད་སྐྱོང་ཆགས་པ་ཡིན་ན་ཏན་ཏན་བོད་མི་མང་གི་འཐབ་རྩོད་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཚགས་ཚུད་ཡོང་ཐུབ་པ་རེད་བསམ་པའི་ཡིད་ཆེས་ཡོད་པའི་ཐོག་ནས། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་རྒྱུའི་ཐག་གཅོད་བྱས་པ་ཡིན། ཞེས་གསུངས་བྱུང་།

ཁོང་གི་གཞི་རྩའི་ལྟ་གྲུབ་གསུམ་དེ་གལ་ཆེན་པོ་ག་འདྲ་ཆགས་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རིམ་གྱི་ལྟ་གྲུབ་ཟེར་བ་དེ་ཧ་ལས་པའི་གནད་འགག་ཆེན་པོ་རེད། སྤྱིར་བཏང་གཞུང་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་བྱས་པ་ཡིན་ན་ཡང་གཞི་རིམ་གྱི་ལྟ་གྲུབ་དང་མ་འགལ་བའི་ཐོག་ནས་གནང་དགོས་པ་དེ་ཧ་ལས་པའི་གལ་ཆེན་པོ་རེད། ང་རང་གི་བསམ་བློའི་ནང་གཞི་རིམ་གྱི་ལྟ་གྲུབ་གསུམ་དེ་བདེན་པ་དང་། འཆམ་མཐུན། མཉམ་ཁྲིད་ཟེར་བ་དེ་ང་ཚོ་བོད་མིའི་རྩ་དོན་གྱི་ཀ་བ་གསུམ་ལ་ངོས་འཛིན་ཞུ་ཡི་ཡོད། སྤྱིར་བཏང་ང་ཚོའི་དམངས་གཙོའི་ལམ་ལུགས་ནང་དམངས་གཙོའི་ཀ་བ་གསུམ་དེ་དམངས་གཙོ་སྲ་བརྟན་ཡོང་རྒྱུར་མེད་དུ་མི་རུང་ཞིག་རེད། དེ་བཞིན་བོད་མིའི་འཐབ་རྩོད་དེ་གྲུབ་འབྲས་ཐོན་པ་བྱེད་པ་ལ་གཞི་རིམ་གྱི་ལྟ་གྲུབ་གསུམ་དེ་འཐབ་རྩོད་ཀྱི་ཀ་བ་གསུམ་ཡིན་པར་ངོས་འཛིན་ཞུ་ཡི་ཡོད། དེ་ལྟར་ངོས་འཛིན་ཞུ་དགོས་པའི་རྒྱུ་མཚན།  བོད་མིའི་འཐབ་རྩོད་དེ་ནུས་པ་ལྡན་པ་ཞིག་ཡོང་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཐམས་ཅད་ནུས་པ་ལྡན་པ་ཞིག་ཡོང་དགོས་ཀྱི་ཡོད་པ་རེད། དེ་ལྟར་ནུས་པ་ལྡན་པ་ཞིག་འབྱུང་བར་མང་ཚོགས་ཀྱིས་གཞུང་ལ་ཡིད་ཆེས་དང་རྒྱབ་སྐྱོར་མཐོན་པོ་ཞིག་ཐོབ་དགོས་ཀྱི་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་ཡིན་ན་ཡང་། གཞུང་ལ་ངོས་འཛིན་བྱེད་ཕྱོགས་དེ་བོད་མི་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་ཁྲིམས་མཐུན་གྱི་གཞུང་ཡིན་པའི་ངོས་འཛིན་སླེབས་ཐབས་སུ་གཞི་རིམ་གྱི་ལྟ་གྲུབ་དེ་ཧ་ལས་པའི་གལ་ཆེན་པོ་ཆགས་ཀྱི་ཡོད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད།  ཅེས་གསུངས་བྱུང་།

ཁོང་ནི་ཡོངས་གྲགས་ཐོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེང་མཁན་གཉིས་པ་དེ་ཡིན་ལ། འདི་ལོའི་ཕྱི་ཟླ་ ༡ ཚེས ༡༧ ཉིན་ལྡི་ལིའི་ཀི་རོ་རི་མཱལ་མཐོ་སློབ་(Kirori Mal College) ཀྱི་སློབ་མའི་འདུ་ཚོགས་ཤིག་གི་ཐོག བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་ཁོང་མོ་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་འདོད་ཡོད་སྐོར་ཡོངས་བསྒྲགས་གནང་ཡོད་པ་རེད།

བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ནི། ཕྱི་ལོ་ ༡༩༩༦ ལོར་བོད་མི་མང་སྤྱི་འཐུས་སྐབས་ ༡༢ པའི་མདོ་སྟོད་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དང་། ཕྱི་དྲིལ། འཕྲོད་བསྟེན་བཅས་ཀྱི་བཀའ་བློན་གནང། དེ་ནས་ཕྱི་ལོ་ ༢༠༠༩ ནས་ ༢༠༡༣ བར་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་ཞུས་ཤིང་། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡ ནས་བཟུང་ད་བར་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་གནང་།  དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནང་མ་ཞུགས་གོང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གསར་འཛུགས་གནང་མཁན་གྲས་བཅས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༠༦

Leave a Reply

4 thoughts on “བཀའ་ཟུར་བློ་བཟང་སྙན་གྲགས་ལཊ་སྲིད་སྐྱོང་འོས་མིར་བཞེངས་འདུག

  1. ཚེ་བརྟན་འགྱུར་མེད།

    ༑ འཇིགས་དབང་ཅན་ནས་བུད་མེད་སྲིད་སྐྱོང་འོས་མིར་རྒྱལ་རི་སྒྲོལ་མ་ལགས་སུ་འོང་བསྡུ་གནང་འཆར་ཡང། ཐུབ་བསྟན་ཚེ་འཕེལ་ནས་བུད་མེད་སྲིད་སྐྱོང་འོས་མིར་ཞིབ་འཇུག་བྱ་ཡི་ཡིན་གསུང་། རྗེས་སུ་མཆན་ནང། ཁོང་ནི་ཤེས་འཇོན་གཉིས་ལྡན། གནའ་དེང་ཟུང་འབྲེལ། ལྷག་བཅསམ་དང་ཉམས་མྱོང་ཅན་ཞིག་ཡིན་པས། འོས་ཤིང་མཚམས་པ་ཞིག་ཏུ་མཐོང་། ཅེས་འཀོད་གནང་འདུག འཇིགས་དབང་དང་ཐུབ་བསྟན་ཚེ་འཕེལ་གཉིས་ཐུགས་མཐུན་བྱུང་འདུག ང་གནས་དོན་ལ་བསམ་ཤེས་དང་དཔྱད་ཞིབ་ཞུ་བཞིན་ཡོད།

  2. བསམ་འཆར་གང་ཡང་མེད། རྒྱབ་སྐྱོར་ཞུ་གི་ཡིན། ཕྱག་ལས་མང་པོ་གནང་ཡོད་པ་རེད།
    ཡིན་ཡང་བུད་མེད་གཅིག་ངེས་པར་མཐོ་རིམ་དཔོན་རིགས་སུ་ཐོན་དགོས་བསམ་པས་བཀར་ཟུར་
    རྒྱ་རི་ལ་འོས་བསྡུ་ཞུ་རྒྱུ་ཡིན།

    1. བུད་མེད་ལ་འོས་ཤིང་མཚམས་པའི་ཐོང་ཐང་འདྲ་མཉམ་ཡིན་ནའང། ད་ལྟ་དུས་ལ་བུད་མེད་ཡོད་པ་ལས། བོད་སྤྱི་དོན་དང་། བོད་མི་ཆིག་སྒྲིལ་ཧ་ཅང་དགོས་འཁོ་ཆེ། གལ་ཏེ་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་དེ་དོན་གནང་ཚེ་ངོས་ཀྱང་འོས་ཕེན་ཆོག འོན་ཀྱང་ད་ལྟ་དུས་ཚོད་གང་ཙམ་ཡོད་པས། ཞིབ་འཇུག་བྱ་ཡི་ཡིན།

  3. ཁོང་ནི་ཤེས་འཇོན་གཉིས་ལྡན། གནའ་དེང་ཟུང་འབྲེལ། ལྷག་བཅསམ་དང་ཉམས་མྱོང་ཅན་ཞིག་ཡིན་པས། འོས་ཤིང་མཚམས་པ་ཞིག་ཏུ་མཐོང་།