ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས།

བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་ད་ལྟའི་ཆར་ང་རང་གིས་སྲིད་སྐྱོང་གི་འགན་འཁུར་ཐུབ་པ་འདུག་ཨ་བསམ་པའི་སྤོབས་པ་དང་སྙིང་སྟོབས། ཡིད་ཆེས་བཅས་བསླེབས་པའི་ཐོག་ནས་སྲིད་སྐྱོང་འོས་མིར་ལངས་པ་ཡིན་ཞེས་གསུངས་བྱུང་།

བཀའ་ཟུར་རྒྱལ་རི་སྒྲོལ་མ་ལགས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་ཡོད་པ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཐུན་པ་གཞིར་བཟུང་དྲང་བདེན་དང་ལྷག་བསམ་ལྡན་པའི་ཐོག་ནས། ལས་དོན་ག་རེ་གནང་ཡང་བཅའ་ཁྲིམས་ནང་གང་གསལ་བ་ལས་རང་འདོད་གང་སྒྲུབ་མི་བྱེད་པའི་ཐོག་ནས་ལས་ཀ་བྱེད་དགོས་བསམ་ཡོད་ལ། ཐེངས་འདིའི་འོས་བསྡུ་དང་འབྲེལ་ང་ཚོ་ཚང་མའི་འགན་འཁུར་ནས་འོས་བསྡུའི་སྐབས་ཆོལ་ཁ་དང་ཆོས་ལུགས་སོགས་ཕྱོགས་རེས་གང་ཡང་མེད་པའི་ཐོག་ནས་ཡག་པོ་དང་བདེ་ལེགས་ཡོང་ཐུབ་པའི་རེ་བ་ཡོད་སྐོར་གསུངས་བྱུང་།

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་བཀར་ཟུར་རྒྱ་རི་སྒྲོལ་མ་ལགས་ལ་སྲིད་སྐྱོང་འོས་མིར་བཞེངས་པའི་དགོས་དམིགས་ག་རེ་ཡིན་བཀའ་འདྲི་ཞུས་པར་ཁོང་མོས། སྲིད་སྐྱོང་ཟེར་ན་རེད་དེའི་སྔོན་ལ་བཀའ་བློན་ཁྲི་པ་གང་ཡིན་ཀྱང་། ང་རང་ལངས་དགོས་བསམ་པའི་རྒྱུ་མཚན་དང་དམིགས་ཡུལ་གཙོ་བོ་དུས་ཀྱི་དགོས་མཁོ་ཆགས་ཡོད་པ་དང་། ལོ་ངོ་བཅུ་ཞིག་གི་སྔོན་ལ་ཡང་ང་རང་བཀའ་བློན་ཁྲི་པར་ལངས་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་པ་རེད། སྐབས་དེར་བཀའ་བློན་ཁྲི་པར་ལངས་དགོས་པའི་དམིགས་ཡུལ་གཙོ་བོ་དམངས་གཙོའི་འཕེལ་རིམ་དང་མཐུན་པའི་ཐོག་ནས་འོས་བསྡུའི་ཁྲོད་བུད་མེད་ལངས་ཐུབ་པ་དགོས་པ་དེ་ཡིན་ལ། ད་ལྟ་ཡིན་ན་ཡང་བུད་མེད་ཚོ་འོས་བསྡུའི་ཁྲོད་ལངས་ཐུབ་པ་ཡིན་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལམ་སྟོན་གནང་པའི་ཐོག་ནས། ང་རང་ཚོས་དམངས་གཙོའི་ལམ་ལུགས་ཐོག་ལོ་ངོ་ ༥༠ ལྷག་ཅིག་ལ་ཉམས་མྱོང་བྱུང་ཚར་ཡོད་སྟབས། ད་ལྟའི་ཆར་ང་རང་ཡིན་ན་སྲིད་སྐྱོང་གི་འགན་འཁུར་ཐུབ་པ་འདུག་ཨ་བསམ་པའི་སྤོབས་པ་དང་སྙིང་སྟོབས། ཡིད་ཆེས་བཅས་སླེབ་ཀྱི་འདུག ཅེས་གསུངས་བྱུང་།

སྲིད་སྐྱོང་ལ་ལངས་ཏེ་རྒྱལ་ཁ་ཐོབ་པ་ཡིན་ན་ལས་དོན་བྱེད་ཕྱོགས་ཐད་ཡིད་ཆེས་ཡོད་པའི་སྐོར་ལ་ཁོང་མོས། སྲིད་སྐྱོང་ལ་ལངས་པ་ཡིན་ན་མགོ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡོད་པ་གང་ཞིག་ལ། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནང་མཉམ་རུམ་གྱིས་ལས་དོན་བྱེད་ཐུབ་མཁན་ཡག་པོ་མང་པོ་ཡོད་སྟབས། གནས་སྟངས་དེ་དག་གིས་སེམས་ཤུགས་སྐྱེད་ཀྱི་འདུག་པས། ཐེངས་འདིར་དམིགས་བསལ་གྱིས་གོ་སྐབས་ཤིག་བླངས་པ་ཡིན་ལ། གཙོ་བོ་བུད་མེད་ཅིག་བསླེབས་པ་ཡིན་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འཛམ་གླིང་མི་མང་མདུན་ལ་ང་ཚོས་དགའ་སྤོབས་ཞུ་ཐུབ་པ་ཞིག་ཆགས་ཐུབ་པ་མ་ཟད། དེ་ལས་ལྷག་རང་ཉིད་ལ་མཚོན་ན་བོད་ཀྱི་གནས་སྟངས་ཛ་དྲག་པོ་འདི་འདྲའི་སྐབས་སུ་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་ཞིག་ཞུ་ཐུབ་ན་བསམ་པ་ཡིན། ཞེས་གསུངས་བྱུང་།

སྲིད་སྐྱོང་འོས་མིར་བཞེངས་པའི་གཞི་རྩའི་ལྟ་གྲུབ་དང་ལངས་ཕྱོགས་ཅི་ཡིན་བཀའ་འདྲི་ཞུས་པར་ཁོང་མོས། སྤྱིར་ད་ལྟའི་ཆར་སྤྱི་ཚོགས་ཁྲོད་མི་མང་པོ་ཞིག་གིས་སྲིད་སྐྱོང་ལ་ལངས་པ་དང་མི་མང་མདུན་ལ་ལངས་པ་ཡིན་ན་གཏམ་བཤད་དང་ཁྱབ་བསྒྲགས་སོགས་འདི་འདྲ་བྱེད་དགོས་པ་རེད་ཅེས་བསམ་ཚུལ་འདོན་མཁན་མང་པོ་འདུག་ལ། སྤྱིར་བཏང་དམངས་གཙོའི་འགྲོ་ལུགས་ཁྲོད་ནས་དེ་དག་གལ་ཆེན་པོ་ཆགས་ཀྱི་ཡོད་ས་རེད་ལ་མ་རེད་ཅེས་ཞུ་ཡི་མེད་མོད། ང་རང་ལ་མཚོན་ན། ད་ལྟ་དང་དུས་རྒྱུན་དུ་གཞུང་ལ་ཞབས་ཞུ་ཞུ་སྐབས་སོ་སོས་ལས་དོན་ཐད་དམ་བཅའ་ཞིག་ཕུལ་གྱི་ཡོད་པ་དང་། བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས་དྲང་བདེན་དང་ལྷག་བསམ་གྱི་ཐོག་ནས་ལས་དོན་བྱེད་དགོས་པ་གལ་ཆེན་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ལ། ལས་དོན་བྱེད་སྐབས་སྲིད་སྐྱོང་དང་བཀའ་ཤག་ག་རེ་ཡིན་ན་རང་འདོད་གང་སྒྲུབ་ཙམ་མ་ཡིན་པར། ཁྲིམས་དང་སྒྲིག་གཞིའི་དགོངས་དོན་དང་གྲོས་ཚོགས་ཀྱིས་གཏན་འབེབ་གནང་བའི་སྲིད་བྱུས་ཐོག་ནས་གོམ་པ་སྤོ་དགོས་པ་ལས་གང་བསམ་བྱེད་རྒྱུ་ཡོད་པ་མ་རེད། གནས་སྟངས་འདི་དག་གཞི་ལ་བཞག་ནས་ང་རང་གི་ངོས་ནས་དམ་བཅའ་ཆེ་ཤོས་དེ་ལྷག་བསམ་རྣམ་དག་དང་། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མཐུན་པ་དང་རང་གི་ལས་དོན་དམ་བཅའ་ཕུལ་བ་བཞིན་ལས་དོན་ག་རེ་ཡིན་ཡང་བསྒྲུབ་དགོས་བསམ་པའི་བསམ་བློ་གཏོང་སྟངས་དེ་འདྲ་ཡིན། ཞེས་གསུངས་བྱུང་།

མཇུག་ཏུ་ད་ལྟའི་ཆར་དམིགས་བསལ་འོས་བསྡུའི་དྲིལ་བསྒྲགས་སོགས་ག་དུས་ཤིག་ལ་བྱེད་མིན་གྱི་ཐག་གཅོད་དང་། འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བརྗོད་ཚིག་སོགས་གྲ་སྒྲིག་གང་ཡང་མེད་ལ། དུས་ཀྱི་དགོས་མཁོ་དང་འོས་བསྡུའི་དྲིལ་བསྒྲགས་དང་བསྟུན་ནས་དེ་དག་རེ་རེ་བཞིན་ཡོང་རྒྱུ་ཡིན་པ་དང་། དེ་བཞིན་སོ་སོའི་བསམ་བློའི་ནང་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་པའི་སྐབས་ལ། ལུགས་མཐུན་བཟང་སྤྱོད་དང་མ་འགལ་བའི་ཐོག་ནས་ང་རང་ཚོའི་དམངས་གཙོའི་འགྲོ་ལུགས་དང་མཐུན་པ་གཞིར་བཟུང་། ལྷག་པར་དུ་འཛམ་གླིང་མི་མང་དང་བོད་ཕྱི་ནང་གཉིས་ནས་ལྟ་བསྡད་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསན་པ་ཡིན་ན་འོས་བསྡུའི་འགྲོ་སྟངས་དེ་འགྲིག་འདུག་བསམ་པ་ཞིག་གི་ཐོག་ནས་འགྲོ་ཐུབ་པ་བྱ་དགོས་བསམ་ཡོད་ལ། ང་ཚོ་ཚང་མའི་འགན་འཁུར་ནས་ཐེངས་འདིའི་འོས་བསྡུ་དེ་ཆོལ་ཁ་དང་ཆོས་ལུགས་སོགས་ཕྱོགས་རེས་དེ་འདྲ་གང་ཡང་མེད་པའི་ཐོག་ནས་མི་འགྲོ་བ་བྱས་ཏེ། ཡག་པོ་དང་བདེ་ལེགས་ཡོང་ཐུབ་པའི་རེ་བ་ཡོད་། ཅེས་གསུངས་བྱུང་།

བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༩༡ དང་། ༡༩༩༦། ༢༠༠༡། ༢༠༠༦ ལོ་བཅས་སྐབས་བཞི་ལ་བསྟུད་མར་བོད་མི་མང་སྤྱི་འཐུས་སུ་མདོ་སྟོད་མི་མང་གིས་འོས་འདེམས་བྱུང་ཡོད་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་ནང་སྐབས་ ༡༣ དང་ ༡༤ བསྟུད་མར་ཚོགས་གཞོན་གྱི་འགན་འཁུར་ཡོད་པ་དང་། བཀའ་ཤག་སྐབས་བཅུ་བཞི་པར་ནང་སྲིད་བཀའ་བློན་གྱི་ལས་གནས་བཅས་འཁུར་ཡོད་པ་རེད།

  གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༠༦

Leave a Reply

One thought on “ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས།

  1. བསོད་ནམས་རྒྱལ་མཚན།

    ཁོང་རྣམས་ལས་ བློ་བཟང་སེང་གེ་རྫིགས་བ། ༡༽ གསར་གཏོད། ༢༽ རང་ཁ་རང་སོ། ༣༽ བོད་རྒྱ་གྲོས་མོལ། མངོས་ནས་ ༧གོང་ས་མཆོག་ བོད་ལ་གདན་ཞུ་གནང་སོང་ད་ 😂 😂 😂 😅