ད་ལོ་ཡང་བལ་ཡུལ་ནང་གསུམ་བཅུའི་དུས་དྲན་སྲུང་གཙི་བྱེད་པར་བཀའ་ཁྲོལ་གནང་མེད་འདུག

ཕྱི་ལོ་ ༢༠༡༡ ཡས་མས་ནས་བཟུང་རྒྱ་ནག་གཞུང་གི་གནོན་ཤུགས་ཆེ་རུ་ཕྱིན་པར་བརྟེན་བལ་ཡུལ་གཞུང་ནས་བོད་མིའི་གསུམ་བཅུའི་དུས་དྲན་སོགས་སྲུང་གཙི་གནང་བར་བཀའ་འཁྲོལ་གནང་གི་མེད་པ་ལྟར་ད་ལོ་ཡང་གནང་མེད་འདུག

བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན། དེ་རིང་བལ་ཡུལ་དོན་གཅོད་ལས་ཁུངས་ནས་ཡུལ་དེར་གནས་སྡོད་བོད་མིར་གསུམ་བཅུའི་དུས་དྲན་སྲུང་གཙི་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལོ་ལྟར་བལ་ཡུལ་གཞུང་གིས་བོད་མིར་གསུམ་བཅུའི་དུས་དྲན་སྲུང་གཙི་ཞུ་རྒྱུར་ཆོག་མཆན་སྤྲོད་ཀྱི་མེད་པ་ལྟར། འདི་ལོ་ཡང་བོད་མི་རྣམས་ཀྱིས་བལ་ཡུལ་གཞུང་གི་ཁྲིམས་སྒྲིག་དང་འགལ་བའི་བྱ་འགུལ་རིགས་ནང་མི་ཞུགས་རྒྱུའི་འབོད་སྐུལ་ཞུས་འདུག

བལ་ཡུལ་ཀ་ཐི་མན་གྲུ་བོད་མིའི་བདེ་དོན་ལས་ཁང་གི་མིང་ཐོག་ནས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ནང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུར་བལ་ཡུལ་གཞུང་ནས་ཆོག་མཆན་བཀའ་འཁྲོལ་གནང་སྲོལ་མེད་པ་བཞིན་རང་རེའི་བོད་མི་ཡོངས་ནས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་གཉིས་དང་འགལ་བའི་ལས་འགུལ་རིགས་སྤེལ་མི་གནང་བའི་འབོད་བསྐུལ་དང་སྦྲགས། བོད་མི་རྣམས་ནས་དུས་དྲན་ཉིན་མཆོད་འབུལ་སྨོན་ལམ་གསུང་འདོན་ལ་སོགས་ཀྱི་རྣམ་དཀར་དགེ་བའི་ལས་ལ་མངོན་པར་འབད་གནང་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་བཀོད་འདུག

བལ་ཡུལ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་དོན། དེ་སྔ་ནས་བལ་ཡུལ་དོན་གཅོད་ནས་གསལ་བསྒྲགས་གནང་སྲོལ་ཡོད་པ་ལྟར། འདི་ལོ་ཡང་ཚང་མར་དཀའ་ངལ་མི་འབྱུང་བའི་ཆེད་དུ་གསལ་བསྒྲགས་གནང་ཡོད་སྐོར་དང་། བལ་ཡུལ་གཞུང་གི་ལངས་ཕྱོགས་དེ་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱེད་ཆོག་གི་མེད་པ་གསལ་པོ་ཡིན་པ་ལྟར། མི་མང་ངོས་ནས་དེ་ལྟར་མི་བྱ་རྒྱུའི་འབོད་སྐུལ་ཞུས་ཡོད་སྐོར་དང་། བོད་མིའི་ངོས་ནས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ལ་བརྩི་སྲུང་གིས་བབ་བརླིང་བརྟན་གསུམ་བྱ་རྒྱུ་གལ་ཆེན་ཡིན་པ་དང་། དོན་ཁང་ངོས་ནས་ལོ་འཆར་ཅན་ལྟར་ཉིན་དེར་ཆོས་ཕྱོགས་ཀྱི་བྱེད་སྒོའི་རིགས་སྤེལ་འཆར་ཡོད་སྐོར་བརྗོད་བྱུང་།

སྤྱིར་སྔར་རྒྱུན་བཞིན་བལ་གཞུང་གིས་རྒྱ་ནག་ལ་བསྟུན་མཁས་བྱས་ཏེ་གསུམ་བཅུའི་དུས་དྲན་དང་། རྒྱ་ནག་གི་མགོ་འཁྲིད་ཀྱི་གཞུང་འབྲེལ་སྐོར་སྐྱོད་སོགས་ཀྱི་སྐབས་སུ། རྒྱལ་ས་ཀ་ཐི་མན་གྲུའི་ནང་ཡོད་པའི་ཇའོ་ལ་ཁེལ་བོད་མིའི་གཞིས་ཆགས་གཙོ་བོར་གྱུར་བའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གཡས་གཡོན་དང་། རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་དམག་མི་འགྲེམ་འཇོག་གིས་བོད་མིར་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་པ་མ་ཟད། འདས་ལོར་ཇའོ་ལ་ཁེལ་བོད་མི་གཞིས་ཆགས་སུ་བོད་མི་རྣམས་ཀྱིས་གསུམ་བཅུའི་དུས་དྲན་སྲུང་གཙིའི་གཞུང་འབྲེལ་གྱི་མཛད་སྒོ་ཆུང་ཆུང་ཞིག་བསྡུས་པའི་ཐོག་ལའང་། ས་གནས་ཉེན་རྟོག་པས་རྙོག་དྲ་བཟོས་ཏེ་འཆར་གཞི་གཞིར་བཟུང་ཚོགས་མ་ཐུབ་པའི་གནས་ཚུལ་ཐོན་ཡོད་པ་རེད།

བསྐྱར་བཅོས།: ༢༠༢༠/༠༣/༠༦

Leave a Reply