ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས།

སྲིད་སྐྱོང་འོས་མི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ལགས་ནས་གནད་ཡོད་མི་སྣ་ཚོས་རྒྱ་གར་ནང་དུ་ཞབས་བཀྱག་སྒང་ལ་རྒྱ་གར་གཞུང་གིས་ཡིད་ཆེས་བློས་འགེལ་བྱེད་སའི་མི་ཞིག་དགོས་ཀྱི་འདུག་པའི་དགོངས་ཚུལ་འོག་ཁོང་ལ་རེ་བ་རྒྱག་གི་ཡོད་སྐོར་གསུངས་བྱུང་།སྤྱི་ཚོགས་དྲ་ལམ་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་ཀྱི་ཡོད་པའི་གནས་ཚུལ་ཐོན་པ་ལྟར། འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ཁོང་སྲིད་སྐྱོང་དུ་བཞེངས་འཆར་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༥ པ་ཙམ་ནས་སུད་སི་སོགས་གང་ས་ནས་ང་ལ་རྒྱབ་སྐྱོར་ཞུ་མཁན་ཚོས་ང་ལ་གསུངས་བྱུང་། ངས་ག་རེ་ཞུ་སྡོད་ཀྱི་ཡོད་ལབ་ན། ད་ལྟ་ཐང་སྟོང་པ་རེད། སུ་ཡིན་ནའང་བཞེང་ཆོག་པ་དང་བསླང་ཆོག་པ་རེད་ཅེས་ཞུ་ཡི་ཡོད། ད་ལྟ་འོས་མི་འདི་ཡིན་ཅེས་མེད་སྟབས། ཡིན་དང་ཡིན་ལབ་ནས་རྣམ་པ་ཚོས་རྒྱབ་སྐྱོར་གནང་བ་ནང་བཞིན་བྱེད་ཀྱི་ཡིན། ལྷག་པར་དུ་མི་ལོ་སུམ་ཅུ་ལྷག་གི་རིང་བོད་པའི་སྤྱི་ཚོགས་རང་གི་ནང་སོ་སོའི་རྩ་དོན་ལ་དམིགས་བཟུང་ནས་ལས་ཀ་བྱས་ནས་བསྡད་པ་རེད་ལ། དེ་ལ་མུ་མཐུད་ནས་བྱེད་མཁན་ཞིག་ལ་དགའ་ཞེན་དང་ནམ་རྒྱུན་ནས་དོ་སྣང་བྱེད་མཁན་ཚོས་རྒྱབ་སྐྱོར་དང་རེ་བ་བྱས་ཡོང་དུས། སོ་སོའི་ངོས་ནས་ཡིན་དང་ཡིན། དེ་ལ་མ་ཐུབ་པ་དང་མ་འཇོན་པ་དེ་འདྲ་གང་ཡང་ཡོད་པ་མ་རེད། ད་བར་སྣེ་ཁྲིད་ཀྱི་ལས་ཀ་བྱེད་བཞིན་ཡོད་པ་རེད། ད་དུང་ཡིན་ནའང་འགན་ཅིག་འཁུར་ནས་བསྡད་ཡོད་པ་རེད། ཕྱི་ལོ་ ༡༩༩༧ ནས་བཟུང་བོད་པའི་ཆབ་སྲིད་ཐོག་མགོ་ཁྲིད་དང་སྣེ་ཁྲིད་སྒང་ལ་ལས་ཀ་བྱས་བསྡད་པ་རེད། ད་ལྟ་དཀྱིལ་འཁོར་དེ་ག་རང་གི་ནང་ལས་ཀ་བྱེད་ཀྱི་ཡོད་དུས། དེ་ལ་ཡིན་དང་ཡིན་ཅེས་སོ་སོའི་བསམ་བློའི་ནང་གཙོ་བོ་གཅིག་འདི་བཟུང་བསྡད་ཡོད། ཅེས་གསུངས་བྱུང་།

མུ་མཐུད་ཁོང་གིས།  གཉིས་པ་དེ་ལ་ང་ཚོའི་སྤྱི་ཚོགས་ནང་མང་ཆེ་བས་ང་ལ་རེ་བ་བརྒྱབ་པ་དེ་ནི་སོ་སོ་དྲང་ཚུགས་ལྡན་པ་ཞིག་དང་ཕར་ཚུར་མིན་པ་ཞིག ང་ཚོའི་དམིགས་ཡུལ་དེ་བོད་པའི་འཐབ་རྩོད་ཐོག་དམིགས་ནས་ལས་ཀ་བྱ་རྒྱུ་དེ་རེད། སྤྱི་ཚོགས་ནང་དཀའ་རྙོག་མེད་པ་དང་མི་དྲང་ཚུགས་བརྟན་པོའི་ཐོག་ནས་ལས་ཀ་བྱེད་ནས་སྡོད་དུས།  སྤྱི་འཐུས་ལྷན་ཚོགས་ནང་ཆ་བཞག་ནའང་ཚོགས་གཙོ་གཞོན་པའི་ཞབས་བཀྱག་འོས་མཐོན་པོ་ཐོབ་པ་རེད། དབུ་མ་ལ་བསྡད་པའི་གང་ཟག་ཅིག་ལ་ཐོབ་ཡོད་པ་རེད། དེར་བརྟེན་རྒྱབ་སྐྱོར་གནང་མཁན་དང་སོ་སོའི་ངོས་ནས་མི་ཚེ་ཧྲིལ་བོ་འདིར་ལས་ཀ་བྱས་པ་གཙོ་བོ་གཅིག་དེ་རེད། གཉིས་པ་དེ་ལ་ངས་བརྒྱ་ཆའི་ལྔ་བཅུ་ལྷག་ཅིག་བོད་པའི་རྩ་དོན་རེད་དེ། རྒྱ་གར་གཞུང་མང་གཉིས་ཀྱི་གཙོས་བོད་པའི་རྩ་དོན་ལ་ཤུགས་བརྒྱབ་ཡོད་པ་རེད། དེར་ནུས་པ་ཆེན་པོ་ཐོན་གྱི་འདུག་ཅེས་ང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་ཚོའི་རེ་བ་རེད་ལ། ང་རང་ངོས་ནས་ཀྱང་སོ་སོའི་ངོས་ནས་ད་ལྟ་བར་དུ་གཅིག་ཐུབ་ཡོད་བསམ་པའི་གདེང་སྤོབས་ཅིག་ཡོད་རེད། དེ་ནས་བོད་པའི་སྤྱི་ཚོགས་ནང་ལའང་ནམ་རྒྱུན་དབྱར་ཚོང་དང་དགུན་ཚོང་། སྤྱི་ཚོགས་ཀྱི་དཀའ་རྙོག་དེ་འདྲ་ཡོད་དུས་ཞུ་སར་ཞུས་ཐུབ་རྗེས་དཀའ་ངལ་མང་པོ་སེལ་ཐུབ་པ་བྱུང་ཡོད་པ་དེ་དག་རེ་བ་ཞིག་རེད། དེ་ལས་གནད་འགག་ཆེ་བ་ཞིག་ལ་ང་ཚོ་བོད་པ་གཅིག་པུ་མ་རེད། རྒྱ་གར་ནང་ལ་ཡང་གནད་ཡོད་མི་སྣ་མང་པོ་ཞིག་གིས། ཞབས་བཀྱག་སྒང་ལ་རྒྱ་གར་གཞུང་གིས་ཡིད་ཆེས་བློས་འགེལ་བྱེད་སའི་མི་ཞིག་དགོས་ཀྱི་འདུག དེར་བརྟེན་ད་ལྟའི་ང་ལྟ་བུར་མཚོན་ན་ཁོང་རང་ཚོས་རེ་བ་དེ་འདྲ་ཞིག་རྒྱག་གི་འདུག ཅེས་གསུངས་བྱུང་།ཁོང་ལ་གཞི་རྩའི་ལྟ་གྲུབ་དང་འཆར་སྣང་ག་རེ་ཡོད་མེད་སྐོར་ལ་ཁོང་གིས། ད་ལྟའི་ཆར་མང་པོ་ཞིག་གིས་འཆར་སྣང་སོགས་མང་པོ་ཞིག་བཤད་ཡོང་གི་འདུག་མོད། ང་རང་ལ་མཚོན་ན་དམིགས་བསལ་འཆར་སྣང་དེ་འདྲ་མེད་ལ། འཆར་སྣང་བཤད་པ་ཙམ་གྱིས་འགྲུབ་ཐུབ་པ་གང་ཡང་མེད་པ་རེད་ལ། ང་རང་ལ་མཚོན་ན། དེ་སྔོན་སྤྱི་འཐུས་ལ་ལངས་སྐབས་ནས་བཤད་པ་ཡིན་ལ། གཙོ་བོ་ང་ཚོས་ད་ལྟ་བར་ལོ་ངོ་ ༦༠ རིང་གནང་བསྡད་པ་དང་ཡོད་བསྡད་པ་ལྟར། བོད་མིའི་སྒྲིག་འཛུགས་དེ་སྲ་བརྟན་དང་ཚགས་ཚུད། གཞི་བརྟན་ཡོང་རྒྱུ་དང་། ཡོད་པ་མི་ཉམས་རྒྱུད་འཛིན་སྲ་བརྟན་ཡོང་རྒྱུ་དང་། རྒྱ་ཆེའི་མི་མང་ཞི་བདེ་ལྷང་འཇགས་ངང་གནས་ཐུབ་དགོས་པ་དེ་གནད་འགག་རེད། དེ་སྔ་ནས་བཤད་བསྡད་ཡོད་ལ་ད་ལྟ་ཡང་དེ་ག་རང་ཡིན་ལ། གཙོ་བོ་མི་མང་ཁྲོད་ནས་ཡིད་ཆེས་མི་བརླག་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད། ཅེས་གསུངས་བྱུང་།

ཐེངས་འདིར་མི་མང་ཁྲོད་ནས་ཁོང་ལ་སྲིད་སྐྱོང་ལ་ལངས་དགོས་པའི་རེ་བ་དང་རྒྱབ་སྐྱོར་ཡོང་གི་ཡོད་པའི་སྐོར་ལ་ཁོང་གིས། དེ་སྔ་ཡིན་ན་སྤྱི་འཐུས་ལ་ལངས་སྐབས་ཆོལ་ཁའི་ཁོངས་གཅིག་པུ་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད་ལ། ད་ལྟ་སྲིད་སྐྱོང་ལ་ལངས་པ་ཡིན་ན་བོད་ཆོལ་ཁ་ཆོས་ལུགས་ཡོངས་རྫོགས་ཀྱི་ཐོག་ནས་ཡོང་དགོས་པ་དང་། ད་ལྟའི་ཆར་ང་ལ་རྒྱབ་སྐྱོར་བྱེད་མཁན་ཁྲོད་ས་ཕྱོགས་འདྲ་མིན་ནས་ཆོལ་ཁ་དང་ཆོས་ལུགས་རེས་མེད་དང་། བོད་ཕྱི་ནང་གཉིས་ནས་ཡོང་གི་ཡོད་པ་རེད།  བོད་ཕྱི་ནང་གཉིས་ནས་རེ་བ་དང་རྒྱབ་སྐྱོར་བྱེད་མཁན་ཚོས་གཙོ་བོ་ང་རང་གིས་ད་ལྟ་བར་བོད་ཀྱི་རྩ་དོན་ཐད་ཞབས་ཞུ་ཞུས་པ་དང་། དེ་བཞིན་མི་མང་ཁྲོད་ནས་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༥༠ ལྷག་གིས་བོད་པའི་རྩ་དོན་ཡིན་པ་གང་ཞིག་ལ། ང་རང་གིས་རྒྱ་གར་གཞུང་མང་གཉིས་གཙོ་བོར་གྱུར་བའི་བོད་ཀྱི་རྩ་དོན་ལ་ཤུགས་བརྒྱབ་ཡོད་སྟབས། ལས་དོན་དེས་བོད་ཀྱི་རྩ་དོན་ལ་ནུས་པ་ཐོན་གྱི་འདུག་བསམ་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། དེ་དག་མི་མང་གི་རེ་བ་རེད་ལ་ང་རང་གི་ངོས་ནས་ད་ལྟ་བར་ལས་དོན་དེའི་ཐད་ལས་ཀ་ཐུབ་ཡོད་བསམ་པའི་གདེང་ཚོད་དང་སྤོབས་པ་ཡོད། ཅེས་གསུངས་བྱུང་།

འོས་བསྡུའི་དྲིལ་བསྒྲགས་ག་དུས་ནས་མགོ་འཛུགས་རྒྱུ་ཡིན་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་འོས་བསྡུའི་དྲིལ་བསྒྲགས་དམིགས་བསལ་གང་ཡང་མེད་ལ་དེ་འདྲ་བྱེད་པ་ཡང་མ་རེད། གཙོ་བོ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རེ་བ་བརྒྱབ་ནས་ངོ་དེབ་བརྒྱུད་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་དང་། ཁོང་རང་ཚོས་གང་བྱེད་བཞིན་པ་གང་ཡིན་པ་དེ་ག་རང་རེད་ལ། རྒྱབ་སྐྱོར་བྱེད་མཁན་ཁྲོད་ཨ་རི་དང་ཡུ་རོབ། སུད་སི། ཁ་ན་ཌ་སོགས་ནས་ཡོད་པ་དང་། མང་ཆེ་བ་ཞིག་རྒྱ་གར་རང་གི་ནང་ནས་ཡོང་གི་ཡོད་དང་། ཁོང་རང་ཚོས་དེ་ལྟར་རྒྱབ་སྐྱོར་བྱས་ཡོང་དུས་རེ་བ་བརྒྱབ་པ་དང་ཡིད་ཆེས་བྱེད་པ་ནང་བཞིན། རེ་བ་དེ་དག་ཆུ་ལ་གཡུག་ཐབས་མེད་སྟབས་ཐེངས་འདིའི་སྲིད་སྐྱོང་འོས་བསྡུའི་ནང་ལངས་པ་ཡིན། ཞེས་གསུངས་བྱུང་།

ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ནི། ཕྱི་ལོ་ ༡༩༧༩ ལོར་སིམ་ལ་གཏན་སློབ་ནས་འཛིན་རིམ་བཅུ་པ་ཐོན་པ་དང་། ཕྱི་ལོ་ ༡༩༨༨ ལོར་ཝར་ཎཱ་གཙུག་ལག་མཐོ་སློབ་ནས་ཨ་ཅཱརྱ་སློབ་དཔོན་ཐོན་རྗེས། ཕྱི་ལོ་ ༢༠༠༦ ནང་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་འོས་འདེམས་བྱུང༌། ཕྱི་ལོ་ ༢༠༡༡ ལོར་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་བསྐྱར་དུ་འོས་འདེམས་བྱུང༌། དེ་བཞིན་ ༢༠༡༥ ནང་གསོ་བ་རིག་པའི་ལྷན་ཚོགས་དང༌། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་སློབ་སྟོན་པ་དང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཏེ་ཕྱག་ལས་གནང་མུས་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༣/༠༦

Leave a Reply

One thought on “ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས།

  1. བསོད་ནམས་རྒྱལ་མཚན།

    རྒྱ་གར་དང་། རྒྱ་དམར། ཨ་རི་གཞུང་གིས་ཡིད་ཆེས་བློས་འགེལ་བྱེད་སའི་མི་ཞིག་དགོས་ཀྱི་འདུག་པའི་ 😂😂😂 ༧གོང་ས་མཆོག་ནས་བོད་མི་མང་ལ་གནང་པའི་དམངས་གཙོ་གསོལ་རས་དེ་ཚོང་ཡ་མ་རེད་པ་ ? ཡང་ན་གཏའ་མ་བཞག་ཡ་མ་རེད་པ་ ? ཧེ ཧེ ལོ་གསར་བཀྲ་ཤིས་བདེ་ལེགས།