སི་རི་ཡའི་རྗེས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྡུག་ཤོས་རེད་འདུག

འདི་ལོའི་རང་དབང་ཁང་པའི་སྙན་ཐོའི་ནང་འཛམ་གླིང་རྒྱལ་ཁབ་ ༦༥ ཡི་དྲ་ལམ་རང་དབང་སྐོར་ཞིབ་འཇུག་བྱས་པའི་ཁྲོད་རྒྱ་ནག་དེ་འཛམ་གླིང་གི་དྲ་ལམ་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོར་ངོས་འཛིན་བྱས་འདུགཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པས་ལོ་འཆར་ཅན་ལྟར། ཕྱི་ལོ་ ༢༠༢༠ ལོའི་འཛམ་གླིང་གི་རང་དབང་། སྣེ་ཁྲིད་མེད་པའི་རང་དབང་གི་འཐབ་རྩོད་ཅིག་ཅེས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། འཛམ་གླིང་གི་རྒྱལ་ཁབ་ ༡༩༥ དང་ས་ཁུལ་ ༡༥ ཡི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཀྱི་གནས་སྟངས་ལ་རྟོག་ཞིབ་བྱས་འབྲས་སུ། བོད་ཁུལ་དེ་དཀྱིལ་ཤར་ཨེ་ཤ་ཡའི་ཁ་ཆེ་རྒྱལ་ཁབ་སི་རི་ཡའི་ (Syria) རྗེས་ཀྱི་རང་དབང་ཞན་ཤོས་སུ་ངོས་འཛིན་བྱས་འདུག་པ་མ་ཟད།  བོད་དང་ཧོང་ཀོང་ཕུད་པའི་རྒྱ་ནག་སྐམ་ས་ཆེན་མོ་དེ་འཛམ་གླིང་གི་རྒྱལ་ཁབ་ ༡༩༥ ཁྲོད་ནས་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་འདུག རང་དབང་ཁང་པས་ལོ་ལྟར་སྙན་ཐོའི་ནང་བོད་དང་ཧོང་ཀོང་སྐོར་གྱི་གནས་ཚུལ་རྣམས་ལོགས་སུ་ཕྱེས་ཏེ་འགོད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་བོད་ཁུལ་གྱི་རང་དབང་གི་གནས་བབ་སྐོར་གྱི་སྐར་གྲངས་ཙམ་ལས་གནས་ཚུལ་རྒྱས་པ་རིང་མིན་ཐོན་འཆར་ཡོད་སྐོར་བཀོད་འདུག

འདི་ལོའི་སྙན་ཐོའི་ནང་བོད་ཁུལ་གྱི་ཆབ་སྲིད་ཐོབ་ཐང་(political rights)གི་གནས་བབ་ལ་སྐར་གྲངས་ ༤༠ ཁྲོད་ནས་ཀོར་ཐིག་མན་གྱི་ ༢ ལས་ཐོབ་མེད་པ་དང་། སྤྱི་དམངས་ཐོབ་ཐང་(civil rights) ལ་སྐར་གྲངས་ ༦༠ ཁྲོད་ནས་ ༣ མ་གཏོགས་ཐོབ་མེད་པ་བཅས་ཁྱོན་སྐར་གྲངས་ ༡༠༠ ཁྲོད་ནས་གྲངས་ཆུང་ ༡ ལས་ཐོབ་མེད་སྟབས། སྐར་གྲངས་ཀོར་ཐིག་ཡིན་པའི་སི་རི་ཡའི་རྗེས་ཀྱི་རང་དབང་གི་གནས་བབ་དམའ་ཤོས་ཡིན་པར་ངོས་འཛིན་བྱས་ཡོད་འདུག་པ་དང་།དས་པའི་ལོ་བཞི་རིང་བསྟུད་མར་བོད་ཁུལ་དེ་འཛམ་གླིང་ནང་གི་རང་དབང་ཞན་ཤོས་གྲས་སུ་ངོས་འཛིན་བྱས་ཡོད་པ་རེད། དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོ་ལྟ་བུར་མཚོན་ན་ཆབ་སྲིད་ཐོབ་ཐང་ལ་སྐར་གྲངས་ཀོར་ཐིག་མན་གྱི་ ༡ དང་། སྤྱི་དམངས་ཐོབ་ཐང་ལ་སྐར་གྲངས་ ༡༡ ལས་ཐོབ་མེད་པར་བརྟེན། འཛམ་གླིང་གི་རང་དབང་གནས་སྟངས་ཞན་ཤོས་ཀྱི་རྒྱལ་ཁབ་ཨང་རིམ་ ༧ པའི་གྲས་སུ་ཚུད་ཡོད། གཞན་ཡང་འདི་ལོར་རང་དབང་ཁང་པས་རྒྱལ་ཁབ་ ༦༥ ཡི་དྲ་ལམ་རང་དབང་སྐོར་ཞིབ་འཇུག་བྱས་པའི་ཁྲོད། རྒྱ་ནག་དེ་འཛམ་གླིང་གི་དྲ་ལམ་རང་དབང་ཞན་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོར་ངོས་འཛིན་བྱས་འདུག

འདི་ལོའི་སྙན་ཐོའི་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་རང་དབང་གི་གནས་སྟངས་དེ་སྔར་བས་ཉམས་དམས་སུ་ཕྱིན་ཡོད་པ་མ་ཟད། འཛམ་གླིང་གི་དམངས་གཙོའི་གནས་བབ་དེ་ཡང་འདས་པའི་ལོ་ངོ་ ༡༤ རིང་ནས་བསྟུད་མར་མར་ཟགས་ཡོད་པ། འཛམ་གླིང་གི་དམངས་གཙོ་དང་སྤྱི་འབངས་མཉམ་བསྡུས་རིང་ལུགས་གཉིས་ཉམས་དམས་སུ་འགྱུར་བཞིན་ཡོད་སྐོར་དང་། དེ་ཙམ་དུ་མ་ཟད་འཛམ་གླིང་གི་དམངས་གཙོ་ཆེ་ཤོས་སུ་གྲགས་པའི་ཨ་རི་དང་རྒྱ་གར་གྱི་དམངས་གཙོའི་མགོ་འཕང་དམའ་རུ་ཕྱིན་ཡོད་སྐོར་ཟུར་འདོན་བྱས་འདུག་པའི་ཁྲོད། འདས་ལོར་རྒྱ་གར་གྱིས་ཀཱ་ཤི་མིར་གྱི་རང་སྐྱོང་གི་གནས་བབ་འཕྲོག་སྟེ་ཁུལ་དེའི་འདུ་འཛོམས་དང་དྲ་ལམ་རང་དབང་ལ་བཀག་སྡོམ་བྱས་ཡོད་སྐོར་དང་། དེ་བཞིན་རྒྱ་གར་གྱི་མི་སེར་ཁྲིམས་འཆར་ལ་དམིགས་པའི་གཞུང་རྒོལ་ལས་འགུལ་ཐོག་དྲག་གནོན་བྱས་པའི་གནས་ཚུལ་གྱིས། ཧིན་རྡུ་རྙིང་ཞེན་ཚོགས་པས་སྣེ་ཁྲིད་པའི་རྒྱ་གར་གྱི་དམངས་གཙོ་དེ་སྔར་བས་ཉམས་ཆགས་སུ་ཕྱིན་ཡོད་སྐོར་དང་། དེ་བཞིན་ཨ་རིར་མཚོན་ན། འདས་པའི་ལོ་ཤས་རིང་ནས་འཛིན་སྐྱོང་གི་དམངས་གཙོའི་ལམ་སྲོལ་ལ་རྨ་ཁ་གཏོད་བཞིན་པ་དང་། སྐྱབས་བཅོལ་བའི་འདྲ་མཉམ་ཐོབ་ཐང་གི་གནས་སྟངས་གཙོས་པའི་ཁྲིམས་བཤེར་སོགས་ཀྱི་གནས་སྟངས་ཐད་ཉམས་རྒུད་ཆེན་པོ་འགྲོ་བཞིན་ཡོད་སྐོར་བཀོད་ཡོད་འདུག

ཡང་སྙན་ཐོའི་ནང་རྒྱ་ནག་དེ་འཛམ་གླིང་སྟེང་གི་གྲངས་ཉུང་མི་རིགས་གཙང་སེལ་ལམ། ཡང་ན་མི་འབོར་བཅོས་བསྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ ༡༡ ཁྲོད་ཀྱི་གཅིག་ཏུ་ངོས་འཛིན་བྱས་ཡོད་ལ། དེ་ཡང་གཙོ་བོ་ཤར་ཏུར་ཀི་སི་ཐན་ནམ་ཤིན་ཅང་ཁུལ་གི་ཡུ་གུར་གཙོ་བོར་གྱུར་བའི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་ ༢ ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཙོན་འཇུག་གིས། ཁོ་ཚོའི་ཆོས་དད་དང་། སྨྲ་བརྗོད་རང་དབང་བཅས་པར་བཙན་གནོན་བཏང་ཡོད་སྐོར་གྱི་ངོས་འཛིན་བྱས་འདུག་པ་མ་ཟད། ད་ལྟའི་ཤིན་ཅང་ནང་གི་དྲག་གནོན་གྱི་སྲིད་བྱུས་དེ་དག་དེ་སྔ་བོད་མི་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་ཐོག་སྤེལ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་དེ་རིམ་པས་རྒྱ་ཁྱབ་ཏུ་ལག་བསྟར་བྱེད་སྲིད་པ་དང་། རྒྱ་ནག་གིས་རྒྱལ་ནང་ཙམ་དུ་མ་ཟད་རྒྱལ་སྤྱི་ཁྱོན་ཡོངས་སུ་བཀག་སྡོམ་གྱི་སྲིད་བྱུས་དང་ཆབ་སྲིད་དྲིལ་བསྒྲགས་སྤེལ་བཞིན་ཡོད་པ་དང་། འདས་པའི་ལོ་ཤས་རིང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་རང་དབང་དང་དམངས་གཙོར་རྒོལ་བའི་སྲིད་བྱུས་ཁག་ལ་ཁ་གཏད་དང་ཡ་ལན་ཚ་ནན་བཏང་མེད་སྐོར་བཀོད་འདུག

འདི་ལོའི་རང་དབང་ཁང་པའི་ངོས་འཛིན་ལྟར་ན། ཡུ་རོབ་བྱང་མའི་ཧྥིན་ལན་ཌི་(Finland)དང་། ནོར་ཝེ། (Norway) སི་ཝེ་ཌན།(Sweden) བཅས་ལ་སྐར་གྲངས་ ༡༠༠ སྤྲད་དེ་འཛམ་གླིང་ཐོག་གི་རང་དབང་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་ཡོད་འདུག སྤྱི་ཡོངས་ནས་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་ ༣༩ རང་དབང་གི་གནས་བབ་ནང་ཡོད་པ་དང་། བརྒྱ་ཆ་ ༢༥ ཕྱེད་རང་དབང་། བརྒྱ་ཆ་ ༣༦ རང་དབང་མེད་པའི་གནས་སྟངས་སུ་ལྷུང་ཡོད་འདུག

དེ་བཞིན་སྙན་ཐོའི་མཇུག་བྱང་དུ་བཀོད་པའི་བླང་བྱའི་ནང་། དམངས་གཙོའི་སྲིད་གཞུང་རྣམས་ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་། སྲུང་སྐྱོབ། ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་། མང་ཚོགས་ཁྲོད་དམངས་གཙོའི་ལྟ་གྲུབ་ཁྱབ་བརྡལ་གཏོང་ཐབས། རང་དབང་མེད་པའི་རྒྱལ་ཁབ་ལ་དོགས་ཟོན་མྱུལ་ཞིབ་ཀྱི་འཕྲུལ་རིག་ཕྱིར་ཚོང་མི་བྱ་རྒྱུ་དང་།  དམངས་གཙོར་རྒྱབ་སྐྱོར་བྱེད་པ་ནི་ཕྱི་འབྲེལ་སྲིད་བྱུས་ཀྱི་ནང་སྙིང་དུ་འཇོག་པ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་དང་མི་སྒེར་ལ་དཔལ་འབྱོར་ཉེས་ཆད་གཅོད་དགོས་སྐོར་བཀོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༣/༠༦

Leave a Reply